པཎ་ཆེན་སྐུ་ཕྲེང་༡༡པར་ངོས་འཛིན་གནང་བ་སུས་ཀྱང་འགྱུར་བ་གཏོང་མི་ཐུབ།


2018.04.25
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་༢༩སོན་པའི་འཁྲུངས་སྐར་སྲུང་བརྩི་གནང་སྐབས། ༢༠༡༨།༤།༢༥ བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་༢༩སོན་པའི་འཁྲུངས་སྐར་སྲུང་བརྩི་གནང་སྐབས། ༢༠༡༨།༤།༢༥
SFT

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དབུས་རྒྱུན་ཚོགས་མི་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་༧པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་སྐུའི་འཁྲུངས་སྐར་ལ་བཀྲིས་བདེ་ལེགས་ཀྱི་ཡོངས་ཁྱབ་མཚམས་འཕྲིན་གྱི་ཕྱག་བྲིས་ཤིག་ཕུལ་བ་དེའི་ནང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་གཙོས་པའི་བོད་མི་དང་རྒྱལ་སྤྱིའི་མི་མང་ནས་སྐུ་ཉིད་མ་བརྗེད་པར་སེམས་ལ་བཞག་ནས་དམིགས་བསལ་ཉིན་མོ་དེར་འཚམས་འདྲི་ཞུ་གི་ཡོད་ཅེས་གསུངས་འདུག
ད་དུང་ཡོངས་ཁྱབ་ཕྱག་བྲིས་དེའི་ནང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མི་མང་གིས་སྐུ་ཉིད་བརྗེད་ཐབས་བཟོ་བཞིན་ཡོད་ཀྱང་ང་ཚོས་ཉིན་ལྟར་སྐུ་ཉིད་ཡིད་ལ་བཅངས་ནས་ཁྱེད་གར་ཡོད་ཤེས་ཐབས་དང་། ཁྱེད་ཀྱི་རང་དབང་སླར་གསོ་ཞུ་ཐབས་སུ་འབད་བརྩོན་ཞུ་གི་ཡོད། ཁྱེད་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་པན་ཆེན་སྐུ་ཕྲེང་༡༡པར་ངོས་འཛིན་གནང་བ་དེ་སུས་ཀྱང་འགྱུར་བ་གཏོང་ཐུབ་རྒྱུ་མིན་གསུངས་པ་དང་སྦྲགས། སྐུ་ཉིད་མགྱོགས་ནས་མྱུར་དུ་རང་དབང་ཐོབ་པའི་སྨོན་འདུན་ཞུ་རྒྱུ་དང་དགུང་གྲངས་་ལོ་༣༠ལ་ཕེབས་པའི་སྐུའི་འཁྲུངས་སྐར་དེ་རང་དབང་ངང་སྲུང་བརྩི་ཞུ་ཐུབ་པའི་རེ་བ་ཞུ་གི་ཡོད་ཅེས་བཀོད་འདུག
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དབུས་རྒྱུན་ཚོགས་མི་བསྟན་འཛིན་རྡོ་རྗེ་ལགས་དང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མི་སྐུ་ཞབས་(James McGovern)བཟུང་འབྲེལ་གྱི་ཐོག་ནས་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་དེ་བཞིན་བོད་ནང་གི་ཆབ་སྲིད་ཀྱི་བཙོན་པ་རྣམས་གློད་བཀྲོལ་ཡོང་ཐབས་ཀྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་རེད།
དེ་བཞིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་སྤྱི་ཟླ་༤པའི་ཚེས་༢༥སྟེ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༩ ཕེབས་པའི་ཉིན་མོ་དང་བསྟུན་བོད་སྐད་དང་། དབྱིན་ཇི། ཧྥ་རན་སི། ཇར་མན་ནི། རྒྱ་སྐད། འབར་མ་སོགས་སྐད་རིགས་༢༩འི་ནང་ཆུང་སྲིད་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་འཚམས་འདྲིའི་བརྙན་ཐུང་ཞིག་འགྲེམ་སྤེལ་བྱས་ནས་རྒྱ་ནག་གཞུང་གིས་ཁོང་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་ཡང་བཏོན་ཡོད་པ་རེད།
ཡང་ལྷོ་ཨ་ཧྥེ་རི་ཁའི་གྲོས་ཚོགས་ཀྱི་འཐུས་མི་དང་།  ཨིན་ཀ་ཐ་རང་དབང་ཚོགས་པའི་ཚོགས་གཙོ་རྒྱལ་སྲས(Mangosuthu Buthelezi)མཆོག་གིས་པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས༢༩ཧྲིལ་པོ་འཁོར་བའི་ཉིན་མོར་རྒྱ་ནག་གི་དོ་དམ་འོག་ནས་གློད་བཀྲོལ་ཡོང་རྒྱུའི་དགོས་འདུན་བཏོན་གནང་འདུག
ཁོང་གིས་འདི་གའི་ཇར་མར་གྱི་གསར་འགོད་པ་ཚེ་དབང་ནོར་བུ་ལགས་ལ། འཛམ་གླིང་གི་ཆབ་སྲིད་བཙོན་པ་གཞོན་ཤོས་པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་མཆོག་དགུང་གྲངས༦ལ་ཕེབས་དུས་རྒྱ་གཞུང་གིས་སྲུང་སྐྱོབ་ཀྱི་དོ་དམ་ཞེས་བསྙད་དེ་འཛིན་བཟུང་བྱས་བ་རེད། དངོས་འབྲེལ་སྲུང་སྐྱོབ་རང་གི་ཆེད་དོ་དམ་ཞུས་པ་ཞིག་ཡིན་ན་ཁོང་དགུང་གྲངས་བཅོ་བརྒྱད་ལ་ཕེབས་དུས་སྲུང་སྐྱོབ་ཀྱི་དོ་དམ་ལས་གློད་དགྲོལ་དགོས་པ་ཞིག་རེད་ཅེས་གསུངས་འདུག
ཡང་ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ(Human Rights Watch)རྒྱ་ནག་ལས་དོན་འགན་འཛིན་ལྩམ་(Sophie Richardson) ལགས་ཀྱིས་ཆུང་སྲིད་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་ཉིན། བཙན་ཤེད་ཀྱི་ལམ་ནས་མི་སྣ་གར་སོང་ཆ་མེད་དུ་གཏོང་བ་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྡལ་བཤིག་ཚབས་ཆེ་ཞིག་ཡིན་པ་མ་ཟད། ལོ་ན་མ་སོན་པའི་བྱིས་པ་ཞིག་གར་སོང་ཆ་མེད་དུ་བཏང་བ་ནི་དེ་བས་བསམ་ཡུལ་ལས་འདས་པ་ཞིག་ཡིན་ཞིང་། ༡༩༩༥ལོར་རྒྱ་ནག་གཞུང་ནས་ཆུང་སྲིད་རིན་པོ་ཆེ་བཙན་འཁྲིད་བྱས་ཏེ་ད་བར་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་འདི་བརྒྱུད་རྒྱ་ནག་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་རྒྱ་ནག་གཞུང་གིས་བརྩི་མེད་རྡོག་རོལ་གཏོང་རྒྱུར་འཛེམས་གཟོན་གང་ཡང་མེད་པའི་དཔང་རྟགས་ཤིག་ཡིན་པ་གསུངས་གནང་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ་དང་ཚེ་དབང་ནོར་བུ། དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎