རྒྱ་ནག་ནས་བོད་ལ་བསྐྱོད་པའི་ལམ་ཆེན་ཞིག་འགག་པ།
2009.07.27
༄༅༎རྒྱ་ནག་ནས་བོད་ནང་བསྐྱོད་རྒྱུའི་ལམ་ཆེན་གཅིག་ལ་ས་རུད་ཀྱི་རྐྱེན་གྱིས་འགག་ཡོད་ནའང་འགྲུལ་མིར་སྐྱོན་ཆ་གང་ཡང་བྱུང་མེད་པའི་གནས་ཚུལ་ཐོན་འདུག
དེ་ཡང་རྒྱ་ནག་གཞུང་གིས་གཉེར་བའི་ཤིན་ཧ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་བྱས་པ་ཡིན་ན་རེས་གཟའ་ཟླ་བ་ཉིན་བོད་ཀྱི་ཀོང་པོ་ཉིང་ཁྲི་སྤོ་བོ་རྫོང་གི་གསུམ་མདོ་གྲོང་སྡེའི་ནང་ས་རུད་ཀྱི་རྐྱེན་གྱིས་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ནས་བོད་ནང་བསྐྱོད་རྒྱུའི་ལམ་ཆེན་༣༡༨ཨང་ཅན་དེ་དག་འགག་པ་ལམ་ཆེན་དེར་བལྟ་རྟོག་བྱེད་མཁན་བསྐོར་སྲུང་བའི་དཔོན་རིགས་ཅན་ཇུན་ཞེས་པ་ཞིག་གིས་བརྗོད་འདུག
བསྐོར་སྲུང་བའི་དཔོན་རིགས་ཅན་ཡིས་རྡོ་དང་ས་རུད་ཀྱི་རྐྱེན་གྱིས་ལམ་ཆེན་དུ་མོ་ཊ་བརྒྱ་སྐོར་ཞིག་ལྷག་ཡོད་པ་དང་དེར་ཡོད་ཟམ་པ་ཞིག་ཡང་ཞིག་རལ་དུ་ཕྱིན་ཡོད་སྐོར་བརྗོད་འདུག
ཡང་གོང་ཞུས་བསྐོར་སྲུང་བའི་དཔོན་རིགས་དེས་ས་གནས་སུ་སྲུང་སྐྱོབ་ལས་དོན་ཆེད་མི་གྲངས་ཉི་ཤུ་སྐོར་ཞིག་ཆེད་རྫོངས་བྱས་ཡོད་སྐོར་དང་ལམ་ཆེན་དུ་ལྷག་པའི་འགྲུལ་པ་རྣམས་ལ་བཟའ་བཅའ་འགྲེམས་སྤེལ་ཆེད་མི་ཁག་ཅིག་ཆེད་རྫོངས་དང་རྡོ་ཆེན་པོ་རིལ་བ་ཁག་འབར་གཏོར་བྱ་རྒྱུ་ཡིན་སྐོར་དང་ལམ་བསྐྱར་དུ་ཕྱེ་རྒྱུར་ཉུང་མཐར་ཆུ་ཚོད་ཉི་ཤུ་འགོར་རྒྱུ་ཡིན་སྐོར་བརྗོད་འདུག རྒྱ་ནག་ནས་བོད་ནང་བསྐྱོད་རྒྱུའི་ལམ་ཆེན་གསུམ་ཡོད་པ་དང་ལམ་ཆེན་གཅིག་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་བརྒྱུད་དང་ལམ་ཆེན་གཅིག་བོད་ཀྱི་ཨ་མདོ་མངའ་ཁུལ་དང་གཞན་དེ་བོད་ནས་ཤིན་ཅང་ལ་བསྐྱོད་རྒྱུའི་ལམ་ཆེན་དེ་ཡིན་པ་རེད། ད་ཐེངས་གནས་ཚུལ་བྱུང་བའི་ལམ་ཆེན་དེ་ཟི་ཁྲོན་ཞིང་ཆེན་ནས་བོད་ལ་བསྐྱོད་རྒྱུའི་ལམ་ཆེན་དེ་ཡིན་པ་རེད། དེང་སྐབས་བོད་ཀྱི་ཁམས་ས་ཁུལ་དུ་ཆར་པ་ཆེན་པོ་རྒྱབ་པའི་རྐྱེན་གྱིས་ཆུ་ལོག་དང་ས་རུད་རྒྱབ་པའི་གནས་ཚུལ་མང་དག་བྱུང་བཞིན་ཡོད་པ་དང་རེས་གཟའ་སྤེན་པ་ཉིན་ཟི་ཁྲོན་ཞིང་ཆེན་ནང་མི་གྲངས་དྲུག་ལ་སྲོག་སྐྱོན་བྱུང་བ་དང་མངའ་ཁུལ་གྱི་ལྦན་ཅན་རྫོང་གི་ཟམ་པ་ཞིག་ལ་སྐྱོན་ཆ་བྱུང་ཡོད་པའི་སྐོར་རྒྱ་གཞུང་གིས་གཉེར་བའི་ཤིན་ཧ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།