བོད་ཀྱི་ཡར་ཀླུང་གཙང་པོའི་སྟེང་རྒྱ་ནག་གིས་ཆུ་མཛོད་རྒྱག་བཞིན་པར་གཤམ་འོག་རྒྱལ་ཁབ་ཁག་གིས་བློ་ཚབས་བྱེད་བཞིན་འདུག

བོད་ཀྱི་ཡར་ཀླུང་གཙང་པོའི་སྟེང་རྒྱ་ནག་གིས་ཆུ་མཛོད་རྒྱག་བཞིན་པར་གཤམ་འོག་རྒྱལ་ཁབ་ཁག་གིས་བློ་ཚབས་བྱེད་བཞིན་པ་དང་རྒྱ་ནག་གི་ཕྱོགས་ནས་གཤམ་འོག་རྒྱལ་ཁབ་ཁག་ལ་གནོད་འཚེ་བཟོ་མི་སྲིད་པ་བསྟན་འདུག

བོད་ཀྱི་ཆུ་ཆེན་ཡར་ཀླུང་གཙང་པོ། Chinese State Media

རྒྱ་ནག་གཞུང་གིས་བོད་མཐོ་སྒང་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་འཛམ་གླིང་གི་ཆུ་རགས་ཆེ་ཤོས་ཞིག་རྒྱག་འཆར་ཡོད་པ་དེས་རྒྱ་གར་གཙོས་པའི་དེའི་ཉེ་འཁོར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་སྲིད་པའི་སྐོར་བློ་ཚབས་བྱེད་བཞིན་ཡོད་པ་དང་། དེ་ལ་ཕྱི་ཚེས་༢༣ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཆེན་མོའི་ལས་ཚབ་(Wang Lei)་ཡིས་རྒྱ་ནག་གཞུང་གིས་རང་ཉིད་ཀྱི་ཁེ་ཕན་ཆེད་དང་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་གནོད་སྐྱོན་གཏོང་བའི་ཐོག་ནས་ཆུ་རགས་འཛུགས་སྐྲུན་གྱི་ལས་གཞི་དེ་སྒྲུབ་ཀྱི་མེད་པའི་སྐོར་རྩོམ་ཡིག་ཞིག་བྲིས་ཡོད་པ་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གིས་གསལ་བསྒྲགས་སྤེལ་འདུག
རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་ཆུ་རགས་གསར་རྒྱག་གི་ལས་གཞི་འདི་འཛམ་གླིང་ཐོག་གི་ཆུ་རགས་ཆེ་ཤོས་ཡིན་པ་དང་། དེ་ཡང་འབྲི་ཆུའི་བཞུར་རྒྱུན་དུ་བརྒྱབ་པའི་འབྲི་ཆུ་འགག་གསུམ་གྱི་ཆུ་མཛོད་(Three Gorges Dam)་ཞེས། འཛམ་གླིང་གི་ཆུ་གློག་ས་ཚིགས་ཆེ་ཤོས་སུ་འབོད་པ་དེ་ལས་ལྡབ་ ༣ གྱི་ཆེ་བ་ཡོད་པ་དེས་རྒྱ་གར་གྱི་(Brahmaputra)་གཙང་པོའི་ཐོག་ཤུགས་རྐྱེན་ཆེན་པོ་འབྱུང་སྲིད་པའི་བློ་ཚབས་བྱུང་ཡོད་པ་དང་། འདི་ནི་མི་མང་འབུམ་ཕྲག་མང་པོའི་འཚོ་རྟེན་དང་འབྲེལ་བ་ཡོད་པ་གལ་ཆེན་ཞིག་ཡིན་པ་རེད།
གནད་དོན་དེའི་ཐད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་(Observer Research Foundation)་ཉམས་ཞིབ་ལྟེ་གནས་ཁང་གི་རྒྱ་ནག་གི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་སྐུ་ཞབས་ཀལ་པིཊ་མན་ཀི་ཀར་(Kalpit Mankikar)་ལགས་ནས། རྒྱ་ནག་གིས་རྒྱུན་དུ་གཙང་ཆུ་མཚོན་ཆ་ལྟ་བུར་བེད་སྤྱོད་བྱེད་སྲོལ་ཡོད་ལ། དེ་སྔོན་༢༠༡༧ ལོའི་འབྲོག་ལམ་དོན་རྐྱེན་སྐབས་སུ། རྒྱ་ནག་གིས་རྒྱ་གར་ལ་ཆུ་དང་འབྲེལ་བ་ཡོད་པའི་གནས་ཚུལ་མཁོ་སྤྲོད་བྱ་རྒྱུར་བཀག་འགོག་བྱས་ཡོད་ཀྱང་། གནས་ཚུལ་དེ་དག་རྒྱལ་ཁབ་གཞན་ལ་མཁོ་སྤྲོད་བྱས་པ་སོགས་ཀྱི་ལོ་རྒྱུས་ཡོད་སྟབས། གཙང་ཆུ་མཚོན་ཆར་བེད་སྤྱོད་བྱ་རྒྱུ་ནི་ཡ་མཚན་དགོས་པ་ཞིག་མིན། གལ་ཏེ་རྒྱ་ནག་གིས་རང་གི་ཁས་ལེན་བྱས་པ་རྣམས་དྲང་པོའི་ལམ་ནས་ལག་བསྟར་བྱ་རྒྱུ་ཡིན་ན། ཁོང་ཚོས་ཕྱི་གསལ་ནང་གསལ་གྱིས་ཆུ་རགས་འདིའི་སྐོར་ལ་རྒྱ་གར་དང་བྷང་ལ་དྷི་ཤེ་གཞུང་གཉིས་ཀར་གནས་ཚུལ་བརྗེ་རེས་བྱེད་དགོས་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།
རྒྱ་གར་ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་པའི་ལས་ཚབ་(Wang Lei)་ཡིས་བདུན་ཕྲག་སྔོན་མར་སྤེལ་བའི་རྩོམ་ཡིག་ནང་། རྒྱ་ནག་གིས་རྒྱུན་དུ་ཆུ་བོ་རིགས་མཚོན་ཆ་ལྟ་བུར་བེད་སྤྱོད་བྱེད་སྲོལ་ཡོད་བརྗོད་པ་དེར་སྐྱོན་བརྗོད་བྱས་པ་མ་ཟད། རྒྱ་ནག་གིས་རང་ཉིད་ཀྱི་ཁེ་ཕན་ཆེད། ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་མི་སྲིད་ཅེས་དང་། རྒྱ་ནག་གིས་ད་ལྟ་དང་མ་འོངས་པར་ཆུའི་དབང་སྒྱུར་བྱེད་མི་སྲིད་ཅེས་དང་། ལས་འཆར་འདིས་གཙང་པོའི་སྨད་རྒྱུད་ལ་ཤུགས་རྐྱེན་གང་ཡང་མེད་པ་མ་ཟད། ཆུ་བེད་སྤྱོད་བྱེད་ཀྱི་མེད་ལུགས་བརྗོད་ཡོད་པ་རེད།
ད་དུང་རྒྱ་གར་གྱི་(Brahmaputra)་གཙང་པོའི་ཆུའི་འབྱུང་ཁུངས་གཙོ་བོ་ནི་ཧི་མ་ལ་ཡའི་ལྷོ་ཕྱོགས་ཁུལ་ཆར་ཆུ་བབ་པ་དང་ཆུ་རྒྱུན་ཆུང་བ་ཁག་ནས་བྱུང་བ་རྒྱ་གར་གྱི་ཆེད་ལས་མཁས་པ་ཚོས་ངོས་འཛིན་བྱས་ཡོད་ཅེས་བརྗོད་ཡོད་ཀྱང་ཆེད་ལས་མཁས་པ་ཚོའི་མིང་སོགས་གང་ཡང་བཏོན་མེད་པ་རེད།
སྔ་ལོའི་ཕྱི་ཟླ་ ༡༢ ནང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། ཕྱི་ལོ་༢༠༠༠ ལོ་ནས་བཟུང་ད་བར་བོད་ནང་ཆུ་རགས་གྲངས་༡༩༣ བརྒྱབ་པའམ་རྒྱག་འཆར་ཡོད་པ་དང་། ཆུ་རགས་དེ་དག་གིས་རྐྱེན་གྱིས་ས་གནས་ཡུལ་མི་གནས་སྤོར་དང་ཁོར་ཡུག་གཏོར་བཤིག་གི་གནས་སྟངས་ཤུགས་ཆེར་བྱུང་ཉེན་ཡོད་པའི་སྙན་ཐོ་བཏོན་ཡོད་པ་རེད་ལ། ཕྱི་ཟླ་ ༤ ནང་མགོ་ལོག་རྭ་རྒྱ་གྲོང་རྡལ་མར་སྟེང་སྡེ་བའི་ཉེ་འགྲམ་དུ། ཆུ་མཛོད་བརྒྱབ་རྐྱེན་རྨ་ཆུའི་བཞུར་རྒྱུན་ཇེ་ཉུང་དུ་ཕྱིན་པ་དང་ཉེ་འཁོར་གྱི་རྩི་ཤིང་དང་སྐྱེ་ཁམས་དོ་མི་སྙོམས་པ། དབྱར་ཁ་གློ་བུར་ཆུ་ལོག་ཡོང་བ་སོགས་ཀྱི་རང་བྱུང་གནོད་འཚེ་ཤུགས་ཆེར་ཕྱིན་ཡོད་པའི་གནས་ཚུལ་ཐོན་ཡོད། དེ་བཞིན་རྒྱ་ནག་གཞུང་གིས་རྨ་ཆུར་ཆུ་མཛོད་རྒྱག་ཆེད་ཨ་ཚོགས་དགོན་རྩ་གཏོར་གྱིས་གནས་སྤོར་བཏང་བ་སོགས་ཀྱི་གནས་སྟངས་བྱུང་ཡོད་པ་རེད།།

* ཡར་ཀླུང་གཙང་པོའི་སྟེང་ཆུ་མཛོད་རྒྱག་བཞིན་པས་གཤམ་འོག་རྒྱལ་ཁབ་ཁག་ལ་ཉེན་ཁ་ཡོད་པ་བསྟན་འདུག

* རྒྱ་ནག་གཞུང་གིས་ས་མཚམས་དང་ཐག་ཉེ་བའི་ཡར་ཀླུང་གཙང་པོའི་རྒྱུད་དུ་ཆུ་མཛོད་རྒྱག་བཞིན་ཡོད་འདུག

* རྒྱ་ནག་གཞུང་གིས་འབྲི་ཆུའི་སྟེང་འཛམ་གླིང་ནང་གི་ཆུ་རག་ཆེ་ཤོས་ཞིག་གསར་རྒྱག་བྱས་འདུག


གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org