༸གོང་ས་མཆོག་གིས་སོག་པོ་དང་ཨུ་རུ་སུའི་ཁུལ་དུ་འབྱུང་འགྱུར་བསྟན་པའི་བྱ་བ་སྒྲུབ་དགོས་ཞེས། ཀུན་བདེ་གླིང་རིན་པོ་ཆེར་བཀའ་སྩལ་བ།

སྤྱི་ཟླ་༧པའི་ཚེས་༡ཉིན་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་ཧོ་ཐོག་ཐུ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་ཕོ་བྲང་དུ། བོད་མིའི་དབུ་ཁྲིད་༸གོང་ས་མཆོག་ལ་མཇལ་ཁ་ཞུས་ཏེ་༸གོང་ས་མཆོག་བསྟན་འགྲོའི་དོན་དུ་སྐུ་ཚེ་ཞབས་པད་བརྟན་པ་དང་། འདས་པའི་ཏོག་དབྱིབས་ནད་ཡམས་དབང་གིས་ཐེམ་སྤང་གི་སྐབས་སུ། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་གསུང་ཆོས་མང་པོ་ཞིག་ཞུ་བྱུང་བ་ཁག་སྙན་སྒྲོན་བཅས་ཕུལ་བར། ད་བར་ཧུར་ཐག་གནང་སོང་ཞེས་༸གོང་ས་མཆོག་གིས་ཐུགས་དགྱེས་ཚོར་གྱི་བཀའ་བཟང་ཕེབས་པ་དང་ཆབས་ཅིག། དེ་སྔ་ནས་སོག་རིགས་ས་ཁུལ་ཁག་ཏུ་ཐེངས་མང་ཕེབས་མྱོང་བ་བཞིན། ༸གོང་ས་མཆོག་གིས་འབྱུང་འགྱུར་ཀུན་བདེ་གླིང་རིན་པོ་ཆེ་མཆོག་མུ་མཐུད་སོག་ཡུལ་དང་ཨུ་རུ་སུའི་མངའ་ཁོངས་ཀྱི་སོག་རིགས་གནས་སྡོད་ས་ཁུལ་དུ་ཕེབས་ཏེ། བསྟན་འགྲོའི་ཞབས་འདེགས་སྒྲུབ་དགོས་པའི་བཀའ་གནང་གི་འདུག་ཅེས། འདི་ག་རླུང་འཕྲིན་ཁང་ལ་ཀུན་བདེ་གླིང་རིན་པོ་ཆེ་མཆོག་ནས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་འདས་པའི་ཉི་མ་བཅུ་ཕྲག་ལ་ཉེ་བའི་རིང་ཀུན་བདེ་གླིང་རིན་པོ་ཆེ་མཆོག་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ས་ཁོངས། ཀུ་ལུ་དང་མཱ་ནཱ་ལི་ས་གནས་སུ་ཆིབས་བསྒྱུར་གནང་སྟེ། འོན་མངའ་རིས་གྲྭ་ཚང་དུ་དགེ་ཚུལ་སྒྲུབ་པ་དང་ས་གནས་ཡུལ་མི་སྟོང་ཕྲག་མང་པོར་བློ་སྦྱོང་མཚོན་ཆ་འཁོར་ལོ་དང་།ཚེ་དབང་ཕུལ་བ། སེམས་བཟང་པོ་བྱ་དགོས་པ་དང་བོད་ཀྱི་སྐད་ཡིག་རིག་གཞུང་འཛིན་སྤེལ་གྱི་སྐུལ་མ་སོགས་གནང་ཡོད་པའང་ཀུན་བདེ་གླིང་རིན་པོ་ཆེ་མཆོག་ནས་འགྲེལ་བརྗོད་གནང་གི་འདུག
ཀུན་བདེ་གླིང་རིན་པོ་ཆེ་མཆོག་ནས་ཉེ་ཆར་ཀུ་ལུ་མཱ་ནཱ་ལི་ཁུལ་དུ་གསུང་ཆོས་གནང་སྐབས།གལ་ཆེ་ཤོས་བོད་མི་ཚོས་༸རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞུས་ཏེ་མི་བཟང་པོ་ཞིག་བྱས་ནས་མི་ཚེ་བསྐྱལ་དགོས་པ། ལྷག་པར་བོད་མི་རིགས་སུ་སྐྱེས་པའི་འགན་འཁྲི་ནི་བོད་ཀྱི་ཆོས་རིག་ལེགས་བྱང་དང་བཅས་པ་སྲུང་སྐྱོབ་གནང་དགོས་པ། ཁྱད་པར་བོད་མི་ཚོ་འདུན་པ་གཅིག་སྒྲིལ་གྱིས་བོད་མི་རིགས་ལ་ཕན་ཐོགས་སྒྲུབ་དགོས་པ་སོགས་ལམ་སྟོན་ཕེབས་ཡོད་པ་རེད།
ཀུན་བདེ་གླིང་རྗེ་དྲུང་ཧོ་ཐོག་ཐུ་ནི་བོད་དུ་མཚན་སྙན་ཧ་ཅང་ཆེན་པོ་ཡོད་པའི་བླ་སྤྲུལ་གྱི་གྲས་ཤིག་དང་ཆོས་ལུགས་ཀྱི་ཁྱབ་ཁོངས་ནས་གནས་བབ་ཤིན་ཏུ་མཐོན་པོ་ཡོད་པ་མ་ཟད། བོད་གཞུང་དགའ་ལྡན་ཕོ་བྲང་གིས་བོད་ནང་སྲིད་དབང་འཛིན་སྐབས། རྗེ་དྲུང་ཧོ་ཐོག་ཐུ་ཁྱོན་བསྡོམས་སྐུ་ཕྲེང་བཅུ་གཅིག་བྱུང་བའི་ནང་། སྐུ་ཕྲེང་བརྒྱད་པ་བློ་བཟང་ཡེ་ཤེས་བསྟན་པའི་མགོན་པོ་ནས་བོད་ཀྱི་སྲིད་སྐྱོང་གནང་སྟེ། ཀུན་བདེ་གླིང་རིན་པོ་ཆེ་མཆོག་ནི་བོད་ཀྱི་རྒྱལ་སྤྲུལ་གྲས་ཀྱི་བླ་སྤྲུལ་ཧ་ཅང་གལ་གནད་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།