བོད་ཀྱི་གནད་དོན་ནི་རྒྱ་གར་གྱི་སྲིད་ཇུས་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་ཡིན་པར་ངོས་འཛིན་ཐུབ་དགོས་ཞེས། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་དྲུང་ཆེ་བྱང་ཆུབ་ཆོས་ལྡན་ལགས་ནས་ཧི་མ་ལ་ཡའི་ས་ཁམས་ཆབ་སྲིད་ཀྱི་བགྲོ་གླེང་ཐོག་གསུངས།

2025.01.13
བོད་ཀྱི་གནད་དོན་ནི་རྒྱ་གར་གྱི་སྲིད་ཇུས་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་ཡིན་པར་ངོས་འཛིན་ཐུབ་དགོས་ཞེས། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་དྲུང་ཆེ་བྱང་ཆུབ་ཆོས་ལྡན་ལགས་ནས་ཧི་མ་ལ་ཡའི་ས་ཁམས་ཆབ་སྲིད་ཀྱི་བགྲོ་གླེང་ཐོག་གསུངས། ཧི་མ་ལ་ཡའི་ས་ཁམས་ཆབ་སྲིད་ཀྱི་བགྲོ་གླེང་སྐབས། ༢༠༢༥།༠༡།༡༢ ཉིན།
Mangaluru Literature Festival

རྒྱ་གར་ལྷོ་ཕྱོགས་མེངྒ་ལོར་གྲོང་ཁྱེར་དུ་མེངྒ་ལོར་རྩོམ་རིག་དུས་སྟོན་གྱི་ལྷན་ཚོགས་ཐེངས་བདུན་པའི་སྟེང་། ཟླ་ ༡ ཚེས་ ༡༢ ཉིན་དགའ་ལྡན་ཤར་རྩེ་མཁན་ཟུར་དང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྱང་ཆུབ་ཆོས་ལྡན་ལགས་དང་། ཧྥ་རན་སིའི་བོད་རིག་པ་བ་གྲགས་ཅན་ (Claude Arpi) ལགས། རྒྱ་གར་གྱི་གཞུང་ཚབ་ཆེན་མོ་བ་ཟུར་པ་ (Dilip Sinha) ལགས་བཅས་གདན་ཞུས་གནང་སྟེ། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ས་ཁམས་ཆབ་སྲིད་དང་འབྲེལ་བའི་བགྲོ་གླེང་ཞིག་འཚོགས་ཡོད་པའི་ཐོག རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཧི་མ་ལ་ཡའི་རི་བརྒྱུད་ས་ཁུལ་ནས་འཁྲུངས་པ། རྒྱ་གར་ནང་གི་གདན་ས་ཆེན་པོ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་ནས། ཆོས་ཕྱོགས་ནས་རྒྱ་ནག་ནི་འཛམ་གླིང་འདིར་ནང་པ་མང་ཤོས་ཀྱི་རྒྱལ་ཁབ་ཡིན་པས་དེ་ལུགས་འགྲེལ་བཤད་ཅིག་བརྒྱབ་བསྡད་ཡོད་པ་དང་མཚུངས། རྒྱ་གར་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་ཐོག་མར་བསྐོར་ཡུལ་དང་སྐུ་ཚེ་ཧྲིལ་བོར་བཞུགས་ས། ནང་པའི་གནས་ཆེན་ཁག་ཡོད་ས་བཅས་ཡིན་པར་བརྟེན། སོ་སོའི་བཞེངས་ཕྱོགས་འཛིན་འོས་པ་དང་བཟུང་ན་རྒྱུ་མཚན་ལྡན་པ་ཆགས་ཡོད་པ་མ་ཟད། རྒྱ་གར་མི་མང་གིས་བོད་ཀྱི་གནད་དོན་ལ་ཐུགས་སྣང་དང་མཁྱེན་རྟོགས་ཀྱིས། བོད་ཀྱི་གནད་དོན་ནི་རྒྱ་གར་གྱི་སྲིད་ཇུས་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གྱིས་ཕྱག་ལས་གནང་དགོས་པ་རེད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག

b0fb6537-4039-4394-b5db-fcdf0077720c.jpeg
ཧི་མ་ལ་ཡའི་ས་ཁམས་ཆབ་སྲིད་ཀྱི་བགྲོ་གླེང་སྐབས། ༢༠༢༥།༠༡།༡༢ ཉིན།

ཡང་དགའ་ལྡན་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་ནས། རྒྱ་གར་གྱི་གཞུང་ཚབ་ཆེན་མོ་ཟུར་པ་ (Dilip Sinha) ལགས་ཀྱིས་བོད་ནི་ཧི་མ་ལ་ཡའི་རི་བརྒྱུད་ས་ཁུལ་གྱི་ཆབ་སྲིད་ཐོག་ཧ་ཅང་གལ་ཆེན་ཆགས་ཡོད་པ་དང་། འདས་པའི་གནས་ཚུལ་ནང་ཨུ་རུ་སུ་དང་། དབྱིན་ཇི། རྒྱ་ནག་བཅས་ཀྱི་དབང་ཆའི་ཁྱབ་ཁོངས་ཀྱི་འཐབ་རྩོད་ནང་བོད་ལ་ལྟ་སྟངས་གནས་བབ་གསལ་བོ་མེད་པ་དང་། རྒྱ་ནག་གཞུང་གིས་བོད་རྒྱ་ནག་གི་ཆ་ཤས་ཡིན་ལུགས་བཤད་བསྡད་པར་ལོ་རྒྱུས་ཀྱི་བདེན་དཔང་ཁུངས་བཙན་མེད་པའི་སྐོར་གསལ་སྟོན་གནང་ཡོད་ཅིང་། ཧྥ་རན་སིའི་བོད་རིག་པ་བ་དང་ལོ་རྒྱུས་ཉམས་ཞིབ་པ་ (Claude Arpi) ལགས་ནས། སྔ་མོ་བོད་དང་རྒྱ་གར་གྱི་ས་མཚམས་མ་གཏོགས་རྒྱ་གར་དང་རྒྱ་ནག་གི་ས་མཚམས་མེད་ནའང་། རྒྱ་ནག་གིས་ལོ་རྒྱུས་འཁྱོག་བརྗོད་དང་བོད་ཧམ་ཟོས་ཀྱིས་རྒྱ་གར་དང་བོད་ཀྱི་ས་མཚམས་རྩོད་རྙོག་མེད་ས་ཁག་མང་པོར། ད་ཆ་ཆེད་དུ་རྩོད་རྙོག་བསླང་བཞིན་པ་སོགས་གསལ་སྟོན་གནང་ལུགས་ངོ་སྤྲོད་གནང་གི་འདུག

པཱ་ཀི་སི་ཐན་དང་རྒྱ་གར་གྱི་མངའ་སྡེ་ཁག་ཅིག བལ་བོ་དང་འབྲུག་རྒྱལ་ཁབ། བྷང་ལ་དེ་ཤི་སོགས་ཀྱི་ནང་ཁྱབ་པའི་ཧི་མ་ལ་ཡའི་རི་བརྒྱུད་ས་ཁུལ་ཕལ་ཆེ་བར། བོད་བརྒྱུད་ནང་བསྟན་ལ་དད་མོས་གནང་མཁན་དང་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་མཁན་གྱི་མི་རིགས་མང་པོས་ཁྱབ་ཡོད་པར་བརྟེན། དགའ་ཤར་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་ནས་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས་ཁག་གི་རིག་གཞུང་དང་བོད་ཀྱི་ནང་ཆོས་བར་འབྲེལ་བ་གཏིང་ཟབ་གྲུབ་ཡོད་པས། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་ཐབས་སུ་འབད་བརྩོན་ཆེན་པོ་བྱེད་བཞིན་པར་ཐུགས་འཚབ་སྟོན་གནང་གི་འདུག ། 

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎