སྟོན་པའི་མཛད་རྣམ་འཁྲབ་སྟོན་པ་གྷ་གན་མཱ་ལིཀ་ལགས་ཀྱིས་ནག་པུར་དུ་དགེ་འདུན་པའི་སྦྱོང་བརྡར་ལྟེ་གནས་ཁང་ཞིག་གསར་འཛུགས་བྱེད་འཆར་ཡོད་པ་༸གོང་ས་མཆོག་ལ་སྙན་སེང་ཞུས་འདུག

2022.11.18
སྟོན་པའི་མཛད་རྣམ་འཁྲབ་སྟོན་པ་གྷ་གན་མཱ་ལིཀ་ལགས་ཀྱིས་ནག་པུར་དུ་དགེ་འདུན་པའི་སྦྱོང་བརྡར་ལྟེ་གནས་ཁང་ཞིག་གསར་འཛུགས་བྱེད་འཆར་ཡོད་པ་༸གོང་ས་མཆོག་ལ་སྙན་སེང་ཞུས་འདུག སྤྱི་ལོ་༢༠༢༢ལོའི་སྤྱི་ཟླ་༡༡་ཚེས་༡༨ཉིན་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་Gagan Malik ལགས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁའི་སྐབས།
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་རྣམ་འཁྲབ་སྟོན་པ་སྐུ་ཞབས་Gagan Malik ལགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ལོ་༢༠༢༢ལོའི་སྤྱི་ཟླ་༡༡་ཚེས་༡༨ཉིན་གྱི་སྔ་དྲོ་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་གློག་བརྙན་འཁྲབ་སྟོན་པ་ཁོང་གིས་སྣེ་ཁྲིད་པའི་ཐའེ་ལེན་ཌའི་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་འདུག
མཇལ་ཁ་གྲུབ་མཚམས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས། སྐུ་ཞབས་གྷ་གན་མཱ་ལིཀ་ལགས་སུ་བཅའ་འདྲི་ཞུས་པར། ད་རེས་ཀྱི་མཇལ་ཁ་འདི་ནི་ཧ་ཅང་གིས་གལ་ཆེན་པོ་ཡིན། རྒྱུ་མཚན་ནི། ད་སྐབས་རྒྱ་གར་ནང་འཕགས་པའི་དགེ་འདུན་པ་དུ་མ་ཞིག་འཚོ་གནས་བྱེད་མུས་ཡིན་པས། ང་ཚོར་ནང་ཆོས་མི་ཉམས་རྒྱུན་འཛིན་བྱེད་རྒྱུའི་ཐད་དམིགས་བསལ་གོ་སྐབས་ཡོད་པ་མཐོང་གི་འདུག
དེ་ཡང་། རྒྱ་གར་གྱི་འཕགས་པའི་དགེ་འདུན་པ་ཡོངས་རྫོགས་ལ་གཅིག་གྱུར་གྱི་འདུ་ཤེས་བསྐྲུན་ཆེད་རྒྱ་གར་ལྷོ་ཕྱོགས་Nagpur གྲོང་ཁྱེར་དུ་དེ་འབྲེལ་ལས་གཞི་ཞིག་སྤེལ་འཆར་ཡོད་ལ། ལྷག་པར་དུ་ཐའེ་ལེན་ཌའི་ནང་པའི་ཆོས་ཚོགས་དང་གཞན་ནང་པའི་རྒྱལ་ཁབ་ཁག་ཅིག་དང་ལྷན་དུ་མཉམ་ལས་ཀྱིས། འཕགས་པའི་དགེ་འདུན་པའི་སྦྱོང་བརྡར་ལྟེ་གནས་ཁང་ཞིག་ཀྱང་གསར་འཛུགས་བྱ་འཆར་ཡོད་པའི་གནས་ཚུལ་ཆ་ཚང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་སྙན་སེང་ཞུ་རྒྱུའི་གོ་སྐབས་བྱུང་སོང་བས། མགོན་པོ་གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོས་བསྔགས་བརྗོད་དང་སྦྲགས། ལས་གཞི་དེ་དག་ལམ་ལྷོང་ཡོང་བར་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ཞལ་བཞེས་ཐོབ་སོང་ཞེས་འགྲེལ་བརྗོད་གནང་བྱུང་།
གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་Gagan Malik ལགས་ནི་རྒྱལ་ས་ལྡི་ལིར་སྐྱེས་ཤིང་། སྤྱི་ལོ་༢༠༡༣ ལོར་ཁོང་གིས་སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་རྣམ་Sri Siddhartha Gautama ཞེས་པ་དེ་འཁྲབ་སྟོན་བྱས་པར་བརྟེན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་པའི་གློག་བརྙན་དུས་སྟོན་ཐོག་གློག་བརྙན་འཁྲབ་སྟོན་མི་སྣ་ཡག་ཤོས་ཀྱི་གཟེངས་རྟགས་ཐོབ་ཡོད་པ་མ་ཟད། ནང་ཆོས་ཀྱི་རྗེས་སུ་ཞུགས་ཏེ་འདི་ལོའི་མགོ་སྟོད་དུ་ཐའེ་ལེན་ཌིར་ཆེད་བཅར་གྱིས། ཉིན་གྲངས་བཅོ་ལྔའི་རིང་རབ་བྱུང་གི་སྡོམ་པ་ཞུས་ཡོད་པ་རེད།
ཡང་དེ་དང་ཕྱོགས་མཚུངས་རྒྱ་གར་ལྷོ་ཕྱོགས་ནག་པུར་གྲོང་ཁྱེར་ནས་ཡིན་པའི་བཟོ་སྐྲུན་རིག་པ་བ་སྐུ་ཞབས་Kula Rai ལགས་ཀྱིས། ས་ཁུལ་དེར་འཕགས་པའི་དགེ་འདུན་པའི་སྦྱོང་བརྡར་ལྟེ་གནས་ཁང་གསར་བསྐྲུན་གྱི་ལས་གཞིའི་ཐོག་ལ་ཕྱག་ལས་གནང་མུས་ཡིན་འདུག ལས་གཞི་དེ་དང་འབྲེལ་བའི་ཐོག་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་རྩ་ཆེའི་མཁྱེན་རླབས་དགོས་གལ་ཆེ་བས། ང་ཚོ་འདིར་མཇལ་ཁར་ཡོང་བ་ཡིན། ང་ཚོའི་གྲོང་ཁྱེར་ནང་དུ་འབུམ་རམས་པ་ B.R Ambedkar མཆོག་དང་ནང་ཆོས་བཅས་ལ་རྗེས་འབྲངས་པ་དུ་མ་ཞིག་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
WhatsApp Image 2022-11-18 at 2.51.29 PM.jpeg
ཡང་ཐའེ་ལེན་ཌ་ནས་བཞུགས་སྒར་དུ་ཕེབས་པའི་ལྕམ་Phacha Rampi ལགས་ཀྱིས། དེ་རིང་༸གོང་ས་ཏཱ་ལའི་བླ་མ་མཆོག་དངོས་སུ་ཞལ་མཇལ་བྱུང་སྟེ། ཁོང་གི་བྱིན་རླབས་ཐོབ་པ་ནི་ངས་བདེ་སྐྱིད་ལྡན་པའི་་ཉིན་མོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། ཐའེ་ལེན་ཌའི་ནང་དུ་ང་ལྟ་བུ་འདི་ལྟར་རེ་སྒུག་བྱེད་བསྡད་མཁན་དད་ལྡན་པ་མང་པོ་ཡོད་པས། ནམ་ཞིག༸མགོན་པོ་གང་ཉིད་མཆོག་ཐའེ་ལེན་ཌིར་ཆིབས་བསྒྱུར་གནང་བའི་གསོལ་འདེབས་ཞུ་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་ཐའེ་ལེན་ཌ་ནས་ཕེབས་པ་སྐུ་ཞབས་Nat ལགས་ཀྱིས། ཐའེ་ལེན་ཌའི་ནང་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཞི་བདེའི་མཚོན་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། སྤྱིར་ཁོང་ལ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོ་ཞེས་ཡོངས་སུ་གྲགས་ཤིང་། ད་ལྟའི་ཆར་ངས་འཛམ་གླིང་ཞི་བདེ་དང་འབྲེལ་བའི་ཐོག་འབུམ་རམས་པའི་སློབ་གཉེར་བྱེད་མུས་ཡིན། ད་རེས་༧མགོན་པོ་གང་ཉིད་མཆོག་ལ་དེ་འབྲེལ་གནད་དོན་ཐོག་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་ཀྱང་བྱུང་བས། ཤིན་ཏུ་ངོ་མཚར་ཆེ་ཞེས་འགྲེལ་བརྗོད་གནང་བྱུང་།
ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་དངོས་སུ་ཐེངས་དང་པོར་མཇལ་མྱོང་མཁན་ཐའེ་ལེན་ཌ་ནས་ཡིན་པའི་ལྕམ་Far ལགས་ཀྱིས། དུས་རྒྱུན་ངས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཕྱག་དཔེ་ཁག་ལ་ལྟ་ཀློག་བྱེད་ཀྱི་ཡོད། ད་རེས་འདིར་ཡོང་སྟེ་ཁོང་དངོས་སུ་མཇལ་བར་དགའ་ཚོར་དཔག་ཏུ་མེད་པ་བྱུང་སོང་། ཁོང་གིས། རྒྱུན་དུ་བྱམས་བརྩེ་ཉམས་ལེན་དང། སེམས་བཟང་བྱེད་རྒྱུའི་ལམ་སྟོན་མཛད་པ་བཞིན་ངོས་ཀྱིས་ཀྱང་གང་ཐུབ་ཀྱིས་ཉམས་ལེན་བྱེད་ཀྱི་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཐའེ་ལེན་ཌའི་དགེ་འདུན་པ་Sanitwong ལགས་ཀྱིས། ངས་ད་ལྟའི་ཆར་ཐའེ་ལན་ཌའི་ནང་རྟེན་གཞི་བྱས་པའི་ཞི་བདེའི་ལྟེ་གནས་ཁང་དུ་ནང་ཆོས་ཐོག་འབུམ་རམས་པའི་སློབ་གཉེར་བྱེད་མུས་ཡིན། ༸གོང་ས་ཏཱ་ལའི་བླ་མའི་དྲུང་ནས་བཀའ་སློབ་ལམ་སྟོན་ཞུ་རྒྱུ་ནི་ངའི་མི་ཚེའི་ནང་རིན་ཐང་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། འབྱུང་འགྱུར་མུ་མཐུད་ཁོང་གི་དྲུང་ནས་འཛམ་གླིང་ཞི་བདེ་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་ཞུ་རྒྱུར་སྨོན་འདུན་ཞུ་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎