བཙན་བྱོལ་བོད་མིའི་བཅའ་ཁྲིམས་གྱི་གཞི་རྩའི་སྒྲོམ་གཞི་ལ་འགྱུར་བ་ཆེན་པོ་ཞིག་གཏོང་དགོས་བའི་དུས་ལ་བབ་ཡོད་པའི་དགོངས་ཚུལ་བཏོན་སོང་།

2023.11.06
བཙན་བྱོལ་བོད་མིའི་བཅའ་ཁྲིམས་གྱི་གཞི་རྩའི་སྒྲོམ་གཞི་ལ་འགྱུར་བ་ཆེན་པོ་ཞིག་གཏོང་དགོས་བའི་དུས་ལ་བབ་ཡོད་པའི་དགོངས་ཚུལ་བཏོན་སོང་། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་ཀྱི་མ་འོངས་མདུན་ལམ་འཚོལ་ཞིབ་ཀྱི་ཚོགས་འདུའི་སྟེང་གཏམ་བཤད་གནང་བཞིན་པ། ༡༡།༠༦།༢༠༢༣
བསྟན་འཛིན་འོད་ཟེར། RFA/Dhasa

བཙན་བྱོལ་བོད་མི་ཁག་ཅིག་གིས་གོ་སྒྲིག་གནང་སྟེ། བཞུགས་སྒར་རྡ་རམ་ས་ལར་སྤྱི་ཟླ་༡༡པའི་ཚེས་༦ཉིན་ནས་བཟུང་ཉི་མ་ལྔའི་རིང་། བོད་ཀྱི་མ་འོངས་མདུན་ལམ་འཚོལ་ཞིབ་ཀྱི་བརྗོད་གཞི་དང་འབྲེལ་ཏེ་བྱང་ཨ་མི་རི་ཀ་དང་ཡོ་རོབ། ཨེ་ཤེ་ཡ་བཅས་ཀྱི་ཡུལ་གྲུ་ཁག་དྲུག་ནས་ཆེད་བཅར། བོད་མི་གཞོན་སྐྱེས་༨༦ལྷན་འཛོམས་ཀྱིས་ཚོགས་འདུ་ཞིག་གནང་བཞིན་པའི་ཐོག བོད་རྒྱ་འབྲེལ་མོལ་གྱི་ཕྱག་ལས་ཡུན་རིང་གནང་མྱོང་བ་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ཆེད་ཕེབས་ཀྱིས་ལམ་སྟོན་གཏམ་བཤད་གནང་སྐབས། ཁོང་གིས་ད་ལྟ་བཙན་བྱོལ་བོད་མིའི་མི་འབོར་གྱི་ཕྱེད་ཀ་ལྷག་ནུབ་ཕྱོགས་སུ་སླེབས་ཚར་ཡོད་ཟེར་གྱི་ཡོད་པས། བཙན་བྱོལ་བོད་མི་ཕྱེད་ཀ་ལ་གྲོས་ཚོགས་འཐུས་མི་ལྔ་མ་གཏོགས་འདེམས་རྒྱུའི་ཐོབ་ཐང་མེད་པ་དེ། གཞི་རྩའི་མང་གཙོའི་རྣམ་གཞག་དང་འགལ་བ་ཆགས་ཡོད་པ་དང་། དེ་འདྲ་བའི་བོད་མིའི་སྤྱི་ཚོགས་དང་ཆབ་སྲིད་གནས་བབ་ལ་འགྱུར་ལྡོག་ཕྱིན་པའི་རིགས་མང་པོ་ཡོད་པར་བརྟེན། ད་ཆ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་གཞི་རྩའི་སྒྲོམ་གཞི་ལ་འགྱུར་བ་ཆེན་པོ་གཏོང་དགོས་བའི་དུས་ལ་བབ་མེད་དམ་སྙམ་གྱི་ཡོད་ཅེས་དགོངས་ཚུལ་བཏོན་སོང་།

Future of Tibet conference (1).jpg
ཚོགས་འདུ་གོ་སྒྲིག་པ་བཀྲ་ཤིས་ལམ་བཟང་ལགས་ཀྱིས། བོད་ཀྱི་མ་འོངས་མདུན་ལམ་འཚོལ་ཞིབ་ཀྱི་ཚོགས་འདུ་ནི་ཉེ་རབས་བོད་དང་རྒྱལ་སྤྱི། རྒྱ་ནག་གི་གནས་སྟངས་བཅས་ལ་འགྱུར་བ་ཤུགས་ཆེར་འགྲོ་བཞིན་པའི་ཐོག བོད་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་པས། མ་འོངས་བོད་ཀྱི་གནས་སྟངས་ཐོག་གྲོས་བསྡུར་སྦྱངས་བཤད་ཀྱིས་གྲ་སྒྲིག་ག་རེ་བྱེད་དགོས་པར་བསམ་ཚུལ་བརྗེ་ལེན་གྱི་ཆེད་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཚོགས་ཞུགས་པ་རི་མོ་ཆེད་ལས་མཁས་པ་འཆི་མེད་དཔལ་མོ་ལགས་ནས། ཚོགས་འདུ་ལ་རྒན་གཞོན་མང་པོ་ཞིག་བཅར་ཡོད་པ་དང་། ཚོགས་འདུ་མང་པོའི་ནང་ད་ལྟ་བར་བོད་ཀྱི་གནད་དོན་དང་འཐབ་རྩོད་ཐད་སྐད་ཆ་དྲང་མོ་བཤད་རྒྱུ་ཧ་ཅང་ཁག་པོ་འདུག་པས། ཚོགས་འདུ་འདི་ལ་བོད་རང་གི་རྩ་དོན་ཐོག་ལམ་ཁ་དམིགས་བསལ་ག་རེ་བེད་སྤྱོད་བཏང་དགོས་མིན་གྱི་གོ་བསྡུར་མང་ཙམ་འབྱུང་བའི་རེ་བ་གནང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡོ་རོབ་སུད་སི་ནས་ཡོང་བ་ཚོགས་ཞུགས་པ་པདྨ་བདེ་ཆེན་ལགས་ནས་ཀྱང་བོད་མིའི་སྒྲིག་འཛུགས་དང་བོད་མི་རང་གིས་བོད་དོན་ཆེད་ལས་དོན་ཁ་ཡོད་ལག་ཡོད་ག་རེ་གནང་ཐུབ་པའི་ཐད། ད་རེས་གོ་བསྡུར་མང་ཙམ་གནང་ཐུབ་པའི་རེ་བ་གནང་གི་འདུག
ཁོང་གིས་གཙོ་བོ་འདི་གའི་གནས་ཚུལ་རྒྱུས་ལོན་གྱིས་སུད་སིའི་བོད་མི་ཚོར་གོ་རྟོགས་སྤེལ་འདུན་ཡོད་པའི་ཁར། ང་ཚོ་རྟག་པར་གཞན་གྱི་རྒྱབ་སྐྱོར་ལ་བརྟེན་དགོས་ན་དཀའ་ལས་ཁག་པོ་ཆགས་ཡོད་པས། ཕྱོགས་ཡོངས་ནས་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་ང་ཚོ་རང་ཉིད་དང་བོད་མིའི་སྒྲིག་འཛུགས།བོད་མི་མང་གིས་བོད་དོན་ཐད་ག་རེ་སྒྲུབ་ཐུབ་པའི་སྐོར་གོ་བསྡུར་མང་ཙམ་ཡོང་རེ་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ཚོགས་ཞུགས་པ་བསྟན་འཛིན་ཚངས་པ་ལགས་ཀྱིས། ཚོགས་འདུ་འདི་བརྒྱུད་ནས་བོད་མི་རྣམས་གཅིག་ཕན་གཅིག་གྲོགས་དང་རྡོག་རྩ་གཅིག་སྒྲིལ། བོད་མི་ཕན་ཚུན་གྱིས་ཕན་ཐོགས་སྒྲུབ་ཐུབ་པ་ཞིག་ཆགས་རྒྱའི་རེ་བ་གནང་བཞིན་འདུག
བོད་ཀྱི་མ་འོངས་མདུན་ལམ་འཚོལ་ཞིབ་ཀྱི་ཚོགས་འདུའི་ལས་འགུལ་དེ་ནི། སྤྱི་ལོ་༢༠༢༠ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ཡོ་རོབ་ཀྱི་གཞོན་ནུ་དབུ་བརྙེས་ནས་ལོ་ངོ་༥༠འཁོར་བ་དང་བསྟུན་ནས་འགོ་བཙུགས་པ་ཞིག་ཡིན་པ་དང་། རིམ་པས་ཨ་མི་རི་ཀའི་རྒྱལ་སའི་མངའ་ཁུལ་དང་། ཡོ་རོབ་ཧྥ་རན་སིའི་རྒྱལ་ས་པ་རེ་སི། རྒྱ་གར་གྱི་རྒྱལ་ས་ལྡི་ལི་བཅས་སུ་ཚོགས་འདུ་བསྐོང་ཚོགས་གནང་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎