རྒྱ་ནག་ཏུ་འབར་རྫས་ཀྱི་གཏོར་རྒོལ།
2011.05.26
༄༅༎དེ་རིང་རེས་གཟའ་ཕུར་བུའི་སྔ་དྲོ་རྒྱ་ནག་གི་ཤར་ཕྱོགས་ཅིའང་ཤི་ཞིང་ཆེན་གྱི་ས་གནས་གཞུང་གི་ལས་ཁུངས་ཁག་གསུམ་གྱི་ཉེ་འཁྲིས་སུ་འབར་རྫས་ཀྱི་གཏོར་རྒོལ་བཏང་བའི་གནས་ཚུལ་བྱུང་སྟེ། མི་གཉིས་རྐྱེན་ལམ་དུ་ཕྱིན་པ་དང་མི་དྲུག་རྨས་སྐྱོན་ཕོག་ཡོད་པ་རེད།
འབར་རྫས་གས་གཏོར་གྱི་དོན་རྐྱེན་ནི་དེ་རིང་སྔ་དྲོའི་ཚོུད་༩ པ་དང་༡༠པའི་ཐོག་ཅིའང་ཤི་ཞིང་ཆེན་གྱི་ཕུ་ཀྲུའུ་གྲོང་ཁྱེར་གྱི་ཁྲིམས་དོན་ལས་ཁུངས་དང༌། ལིན་ཀྲུའན་རྗོང་ས་གནས་གཞུང་གི་ལས་ཁུངས། ཟ་བཅའ་དང་སྨན་རྗས་དོ་དམ་ལས་ཁུངས་གསུམ་གྱི་ཉེ་འཁྲིས་སུ་འབར་རྫས་ཀྱི་གཏོར་རྒོལ་བཏང་ཡོད་ཅིང༌། ཉེན་རྟོག་པས་གཏོར་རྒོལ་བྱུང་ཡུལ་དུ་རྩད་འཚོལ་དང་ཉེན་སྐྱོབ་ཀྱི་ལས་དོན་སྤེལ་བའི་སྐབས་དེ་རིང་གི་ཉིན་གུང་རྒྱབ་ལ་དོན་རྐྱེན་བྱུང་ཡུལ་དེ་ནས་ཕུང་པོ་གཅིག་རྙེད་སོན་བྱུང་ཡོད་པ་དང༌། དེ་བཞིན་ཞིང་ཆེན་གྱི་དཔོན་རིགས་ནས་ཀྱང། ཕུ་ཀྲུའུ་གྲོང་ཁྱེར་གྱི་ཁྲིམས་མཐུན་ལས་ཁུངས་ཀྱི་ཉེ་འཁྲིས་སུ་་གཏོར་རྒོལ་བཏང་བའི་ནང་མི་ལྔ་ལ་རྨས་སྐྱོན་ཕོག་ཡོད་པ་དང༌། དེའི་ནང་ནས་གཅིག་ལ་ཚབས་ཆེ་བ་ཡོད་པ་དེ་སྨན་ཁང་དུ་འདས་གྲོངས་སུ་ཕྱིན་ལུགས་དང༌། དེ་འཕྲོས་ཀྱི་གསུམ་པོ་ནི་རྨས་སྐྱོན་ཆུང་ངུ་་ལས་བྱུང་མེད་ཚུལ་བཤད་ཡོད་པ་རེད། འོན་ཀྱང་གཏོར་རྒོལ་གཏོང་ཡུལ་ས་གནས་ཁག་གཉིས་པོ་དེའི་ནང་མི་ཤི་རྨས་བྱུང་ཡོད་མེད་ཀྱི་གནས་ཚུལ་གང་ཡང་སྤེལ་མེད་པ་རེད།
འོན་ཀྱང་ཤིང་ཧྰ་གསར་ཤོག་ཐོག་ལ་མུ་མཐུད་གནས་ཚུལ་སྤེལ་བའི་ནང༌། དེ་རིང་སྔ་དྲོ་ས་གནས་ཁག་གསུམ་ཐོག་འབར་རྫས་ཀྱི་གཏོར་རྒོལ་གཏོང་མཁན་དེ་ནི། དོན་རྐྱེན་དེའི་ནང་འདས་གྲོངས་སུ་ཕྱིན་པ་ཅིའང་ཤི་ཞིང་ཆེན་གྱི་དཔོན་རིགས་ནས་གསལ་བསྒྲགས་བྱས་པའི་གནས་ཚུལ་ལུང་འདྲེན་བྱས་ཡོད་པ་དང༌། མི་དེའི་མིང་ལ་ཅིའན་མིང་ཆི་ཟེར་བ་དང། ལོ་༥༢ ཡིན་ཞིང༌། ཅིའང་ཤི་ཞིང་ཆེན་གྱི་ཕུ་ཀྲུའུ་གྲོང་ཁྱེར་གྱི་ལིན་ཀྲུའན་ས་ཁུལ་ནང་གནས་སྡོད་བྱེད་མཁན་གྱི་ལས་མེད་ཅིག་ཡིན་པ་གནས་ཚུལ་བཀོད་ཡོད་པ་རེད།