རྡོ་སོལ་སྔོག་འདོན་གྱིས་བོང་སྟག་མུ་རིའི་རྩ་ཐང་ལ་གཏོར་སྐྱོན་ཚབ་ཆེན་བཏང་འདུག
2019.01.30
མདོ་སྨད་བོང་སྟག་མུ་རིའི་རྩ་ཐང་ནས་འདས་པའི་ལོ་མང་རིང་གཏེར་ཁ་སྔོག་འདོན་བྱས་ནས་ཁོར་ཡུག་གཏོར་སྐྱོན་ཚབ་ཆེན་བཏང་ཡོད་པ་རེད།
ཆོག་མཆན་ཡིག་ཆ་རྫུན་མ་བཟོས་ནས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༤༦ སྟེ་ལྷ་ས་གྲོང་ཁྱེར་གྱི་ཆེ་ཆུང་ལྟ་བུ་ཡོད་པའི་སྣོད་བཅུད་ཕུན་སུམ་ཚོགས་པའི་བོང་སྟག་མུ་རིའི་རྩ་ཐང་དེར་འདས་པའི་ལོ་མང་རིང་གཏེར་ཁ་སྔོག་འདོན་བྱས་ནས་ཁོར་ཡུག་གཏོར་སྐྱོན་ཚབ་ཆེན་བཏང་ཡོད་པ་ཁྲིམས་གླེང་དྲྭ་རྒྱ་བདག་གཉེར་བ་རྒྱ་ནག་གི་ཁྲིམས་ལུགས་ཉམས་ཞིབ་པ་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་ཡོད་པ་རེད།
ཁོང་གིས་གསུངས་ན། བོང་སྟག་མུ་རི་ས་གནས་དེར་རྡོ་སོལ་གྱི་གཏེར་ཁ་ཧ་ཅང་ཕུན་ཚོགས་པོ་ཡོད་པས་རྒྱ་ནག་སྲིད་གཞུང་གིས་ ༡༩༥༧ ཡས་མས་ནས་ཁུལ་དེར་རྡོ་སོལ་གྱི་གཏེར་ཁ་རྔོག་འགོ་བརྩམས་ཡོད་པ་དང་། ཆིག་སྟོང་དགུ་བརྒྱ་བརྒྱད་བཅུ་གྱ་གྲངས་གི་ནང་རྡོ་སོལ་བརྐོ་རྒྱུའི་མཚམས་བཞག་པ་རེད། འོན་ཀྱང་ཡང་ ༢༠༠༡ ཡས་མས་ནས་ཧོང་ཀོང་གི་སྤྱི་གཉེར་ཁང་ཞིག་གིས་མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་ནས་མུ་རིའི་གཏེར་ཁ་བསྔོག་ཆོག་པའི་ཡིག་ཆ་ཞིག་བླངས་ནས་ཡིག་ཆ་དེ་གཏེར་ཁ་བསྔོག་མཁན་སྤྱི་གཉེར་ཁང་གཞན་གཉིས་ལ་བཙོང་ནས་མུ་མཐུད་གཏེར་ཁ་བསྔོག་ཡོད་པ་རེད་ལ། རིམ་པས་སྤྱི་ལོ་ ༢༠༠༥ ཡས་མས་ལ་གོང་ཞུས་གཏེར་ཁ་བསྔོག་མཁན་སྤྱི་གཉེར་ཁང་དེ་གཉིས་བར་འགལ་བ་ཤོར་རྗེས། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་ཡིག་ཆ་ཨང་ ༢༩༦ ཅེས་པ་བཏོན་ནས་སྤྱི་གཉེར་ཁང་དེ་གཉིས་ལས་གཅིག་ལ་མུ་རུའི་གཏེར་ཁ་བརྐོས་ཆོག་པའི་ཆོག་མཆན་སྤྲད་ནས་སྤྱི་གཉེར་ཁང་དེས་ལོ་བཅུའི་རིང་མུ་རུ་ནས་གཏེར་ཁ་རྒྱ་ཆེན་པོ་བརྐོས་ཏེ་མུ་རུ་རྩྭ་ཐང་གི་སྣོད་བཅུད་གཉིས་ལ་གཏོར་བརླག་ཚབས་ཆེན་བཏང་ཡོད་པ་རེད་ཅེས་དང་། ཡང་ཁོང་གིས་མུ་མཐུད་དུ། སྤྱི་ལོ་ ༢༠༡༦ ལོར་མཚོ་སྔོན་ཚོང་དོན་ཐིན་གྱི་ཡིག་ཆ་ཨང་ ༢༩༦ དེ་རྫུན་མ་ཡིན་པ་ཁུངས་སྐྱེལ་ར་སྤྲོད་བྱས་ཏེ་ཡིག་ཆ་དེ་ཕྱིར་འཐེན་བྱས་ཡོད་ཀྱང་། གནས་ཚུལ་གྱི་བྱུང་རིམ་གསལ་བོར་འགྲེལ་བཤད་བྱས་མེད་པ་མ་ཟད། མུ་རུའི་རྡོ་སོལ་གྱི་གཏེར་ཁ་ད་དུང་མུ་མཐུད་ནས་བརྐོ་བཞིན་པ་ཡིན་འདུག་ལ། ༢༠༡༨ ཟླ་བ་ ༩ ནང་ཡིག་ཆ་ཨང་ ༢༩༦ པ་རྫུན་བཟོ་བྱེད་མཁན་གྱི་མཚོ་སྔོན་ཚོང་དོན་ཐིན་གྱི་ལས་ཁུངས་ཀྱི་འགན་འཛིན་འཛིན་བཟུང་བྱས་ཡོད་པ་རེད་འདུག
གསར་འགོད་བསོད་ནམས་ལྷ་མོ།