གསེར་རྟའི་དགེ་འདུན་པ་ཆོས་ཀྱིས་ལགས་བཙོན་བཀྲོལ་བྱུང་འདུག
2019.01.22

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་གྱ་སྟོན་བསུས་བར་བརྟེན་འཛིན་བཟུང་བྱས་བའི་དགེ་འདུན་པ་ཆོས་ཀྱིས་ལགས་ཀྱི་སྐུ་གཟུགས་གནས་སྟངས་སྐྱོ་བོ་ཆགས་ནས་གློད་བཀྲོལ་བྱུང་འདུག
དེ་ཡང་དེ་སྔ་༢༠༡༥་ལོར་དགེ་འདུན་པ་ཆོས་ཀྱིས་ལགས་ཀྱི་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་གྱ་སྟོན་བསུས་བར་བརྟེན་འཇུ་བཟུང་རྗེས་ཁོང་གི་ཕ་མ་གཅིག་པའི་གཅེན་མོ་སྐྱིད་འཛོམས་དང་མོའི་བུ་གྲགས་པ་གཉིས་ཀྱང་འཛིན་བཟུང་བྱས་བའི་གནས་ཚུལ་དེ་སྔ་འདི་ག་རླུང་འཕྲིན་ཁང་གིས་སྤེལ་ཡོད།
ད་ཆ་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། དགེ་འདུན་པ་ཆོས་ཀྱིས་ལགས་ཟླ་བ་འདིའི་ཚེས་༡༨ཉིན་གྱི་དགོང་དྲོར་བཙོན་བཀྲོལ་བྱུང་ནས་གསེར་རྟ་རྗོང་གི་ཤོ་སང་གྲོང་པར་ཕྱིར་ལོག་བྱུང་ཡོད་པ་དང་། ས་གནས་ནང་ཁོང་ལ་ཕེབས་བསུའི་འདུ་འཛོམས་སོགས་མི་ཡོང་བའི་སླད་ ས་གནས་རྒྱ་ནག་གཞུང་ནས་ཁོང་གི་ཉེ་འབྲེལ་སྤུན་ཉེ་ཚོ་ལ་གྲྭ་ཆོས་སྐྱིད་ལགས་གློད་བཀྲོལ་བྱུང་བའི་གནས་ཚུལ་ཕྱིར་བསྒྲགས་བྱ་མི་ཆོག་པའི་ཉེན་བརྡ་བཏང་འདུག་ལ་མ་ཟད་ཁོང་བཙོན་གྲོལ་ཐོབ་པ་ནས་བཟུང་ཁོང་ཉེན་རྟོག་པས་གསང་བའི་ལྟ་ཞིབ་བྱེད་བཞིན་ཡོད་འདུག
གནས་ཚུལ་ལྟར་ན། ཁོང་ད་བར་དཀར་མཛེས་ཕྱོགས་ཀྱི་རྐང་རྡིང་རྗོང་གི་བཙོན་ཁང་ནང་བཀག་ཉར་བྱས་ཞིང་། དེ་ནས་རིམ་བཞིན་སི་ཁྲོན་ཞིང་ཆེན་གྱི་མཱིན་ཡང་(Mianyang) བཙོན་ཁང་ནང་བཙོན་འཇུག་བྱས་ནས་ད་ཆ་ཁོང་བཙོན་ཁང་ནང་མནར་གཅོད་ཕོག་པར་བརྟེན་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་སྡུག་ཏུ་ཕྱིན་པར་བརྟེན་བཙོན་བཀྲོལ་བཏང་བ་བརྗོད་བཞིན་པ་རེད།
༢༠༡༥་ལོའི་སྤྱི་ཟླ་༦པའི་ཚེས་༡༩ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༥/༣༠ཙམ་ལ་དཔལ་ཤུལ་གསེར་རྟ་རྫོང་ཐོག་ནས་གྲྭ་ཆོས་ཀྱིས་ཉེན་རྟོག་པས་འཛིན་ཟུང་བྱས་པ་དང་། དེའི་རྗེས་ཉེན་རྟོག་པ་བཅུ་ཕྲག་ཁ་ཤས་ཁོང་གི་ཁྱིམ་ལ་འབྱོར་ནས་ཁྱིམ་ནང་སྔོག་བཤེར་བྱས་སྐབས་༧སྐུའི་གྱ་སྟོན་བསུ་ཞེས་བའི་སྟོད་གོས་ཞིག་ཡོད་པ་ཉེན་རྟོག་པས་འཁྱེར་ཡོད་པ་ལས་དམིགས་བཤད་འགྲེལ་བརྗོད་གང་ཡང་བྱས་མེད་པ་རེད་འདུག དེ་ནས་ཞག་གཅིག་འགོར་བའི་ཕྱི་ཉིན་དེ་སྤྱི་ཟླ་༦ཚེས༢༠ཉིན་ཁོང་གི་ཕ་མ་གཅིག་པའི་གཅེན་མོ་སྐྱིད་འཛོམས་དང་། མོའི་བུ་གྲགས་པ་གཉིས་ཡང་ཉེན་རྟོག་པས་བཙན་ཁྲིད་བྱས་ནས་ཉིན་གྲངས་༡༥ཙམ་གྱི་རིང་ཚ་འདྲི་ནན་འདྲི་དང་གཅར་རྡུང་འདྲ་མིན་བྱས་མཐར་རྗེས་སུ་གློད་བཀྲོལ་བཏང་ཡོད།
དགེ་འདུན་པ་ཆོས་ཀྱིས་ཁོང་གི་ཕ་ཡུལ་ནི་གསེར་རྟ་རྫོང་སྙི་སྟོད་ཡུལ་ཚོ་ཕུ་གུ་དགོན། ཞོ་སང་སྡེ་བ་ནས་ཡིན་པ་དང་། ཕ་མིང་ལ་ཞོ་སྐྱ་ཉོ་དང་། མ་མིང་ལ་ཚེ་རིང་སྐྱིད་ཟེར་གྱི་ཡོད་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།