༧གོང་ས་མཆོག་པོ་ལེན་ཊའི་ནང་ཞབས་སོར་བདེ་བར་འཁོད་འདུག།


2016.09.20
༧གོང་ས་མཆོག་པོ་ལེན་ཊའི་གྲོང་ཁྱེར་ཝརོ་ཙ་ལཝ་(Wroclaw)་རུ་ཞབས་སོར་འཁོད་སྐབས། ༢༠༡༦།༩།༡༩ ༧གོང་ས་མཆོག་པོ་ལེན་ཊའི་གྲོང་ཁྱེར་ཝརོ་ཙ་ལཝ་(Wroclaw)་རུ་ཞབས་སོར་འཁོད་སྐབས། ༢༠༡༦།༩།༡༩
Maciej Kulczynski

༧གོང་ས་མཆོག་གིས་སྦེལ་ཇམ་དང་ཧྥ་རན་སིའི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་པོ་ལེན་ཊའི་ནང་མཛད་འཆར་ཆེད་ཞབས་སོར་བདེ་བར་འཁོད་འདུག།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྦེལ་ཇམ་དང་ཧྥ་རན་སིའི་ཆིབས་བསྒྱུར་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས། ཁ་སང་ཕྱི་ཟླ་༩་བའི་ཚེས་༡༩་ཉིན་པོ་ལེན་ཊའི་གྲོང་ཁྱེར་ཝརོ་ཙ་ལཝ་(Wroclaw)་རུ་ཞབས་སོར་བདེ་བར་འཁོད་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་དེའི་གནམ་ཐང་དུ་ཕེབས་འབྱོར་སྐབས་གྲོང་ཁྱེར་སྤྱི་ཁྱབ་པ་Rafal Dutkiewicz་ཕེབས་བསུར་བཅར་ཞིང་། ཞུགས་གནས་མགྲོན་ཁང་དུ་ཕེབས་འབྱོར་གནང་མ་ཐག་པོ་ལེན་ཊའི་རྒྱལ་ས་ཝོར་སོ་ནས་ཆེད་བཅར་ཞུས་པའི་པོ་ལེན་ཊའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་གཅིག་དང་མཇལ་འཕྲད་གནང་ཡོད་འདུག།
ཕྱི་ཟླ་༩་ཚེས་༢༠་ཉིན་གྲོང་ཁྱེར་ཝརོ་ཙ་ལཝ་(Wroclaw)་ནང་བཟོད་པ་དང་འདུམ་འགྲིག་ཅེས་པའི་བརྗོད་གཞིའི་ཐད་ཀྱི་འགྲེམ་སྟོན་ཁང་དུ་གཟིགས་ཞིབ་དང་། གྲོང་ཁྱེར་དེའི་ཚོགས་ཁང་Depot History Center་ཞེས་པ་དེའི་ནང་རང་དབང་གི་བརྗོད་གཞིའི་ཐད་བཀའ་སློབ་གསུང་བཤད་སྩལ་གནང་མཛད་ཡོད་འདུག།
པོ་ལེན་ཊའི་ཆིབས་བསྒྱུར་འདི་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐེངས་འདིའི་ཡོ་རོབ་ཁུལ་གྱི་མཛད་འཆར་མཐའ་མ་དེ་ཡིན་པ་རེད།
ཡང་མཛད་འཆར་ལྟར་ན། ༧གོང་ས་མཆོག་ཕྱི་ཟླ་༡༠་ནང་སླར་ཡང་ཡོ་རོབ་ཀྱི་ཡུལ་གྲུ་ཁག་གཅིག་ཏུ་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུ་ཡིན་པ་དང་། དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱའི་ཐོག་བཀོད་པར་གཞིགས་ན། ཕྱི་ཟླ་༡༠་ཚེས་༣་ནས་༦་བར་བཞུགས་སྒར་རྡ་རམ་ས་ལར་ཐེ་ཝན་ནས་ཆེད་བཅར་དད་ལྡན་པ་རྣམས་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སློབ་དཔོན་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩོལ་གནང་མཛད་རྒྱུ་ཡིན་འདུག་ཅིང་། དེ་རྗེས་ཨུ་རུ་སུའི་རྒྱལ་ས་མོ་སོ་ཀོའི་ནང་ཡོད་པའི་བོད་ཀྱི་ཐེབས་རྩ་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཟླ་༡༠་ཚེས་༡༠་དང་༡༡ ཉིན་གྲངས་གཉིས་རིང་། ཡོ་རོབ་བྱང་མའི་Baltic་མངའ་ཁུལ་གྱི་ཡུལ་གྲུ་Latviaའི་ནང་ཚད་མ་རྣམ་འགྲེལ་གྱི་སྒོ་ནས་ཆོས་འབྲེལ་སྩོལ་གནང་མཛད་རྒྱུ་ཡིན་འདུག། དེ་ནས་སུད་ཛར་ལེན་ཊའི་ནང་ཆིབས་བསྒྱུར་གྱིས་ཕྱི་ཟླ་༡༠་ཚེས་༡༤་ཉིན་གསུང་ཆོས་དང་། སུད་སི་བོད་རིགས་མི་དམངས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་ཞིང་། ཕྱི་ཟླ་༡༠་ཚེས་༢༡་ནས་༢༢་བར་ཨི་ཊ་ལིའི་གྲོང་ཁྱེར་མི་ལ་ནོའི་ནང་ཡོད་པའི་དགེ་འཕེལ་གླིང་བོད་ཀྱི་ནང་ཆོས་ལྟེ་གནས་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ལམ་གཙོ་རྣམ་གསུམ་དང་རྟེན་འབྲེལ་བསྟོད་པའི་སྒོ་ནས་གསུང་ཆོས་དང་། སེམས་ཀྱི་ཞི་བདེའི་འབྱུང་ཁུངས་ངོ་མ་ཞེས་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩོལ་རྒྱུ་ཡིན་འདུག།   

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎