༧གོང་ས་མཆོག་གིས་དགུང་གྲངས་༡༡༠་ལྷག་ལ་བཞུགས་རྒྱུའི་ལུང་བསྟན་ཡོད་པ་བཀའ་སྩལ།


2019.05.17
༧གོང་ས་མཆོག་ལ་བརྟན་བཞུགས་སྐབས། ༢༠༡༩།༥།༡༧ ༧གོང་ས་མཆོག་ལ་བརྟན་བཞུགས་སྐབས། ༢༠༡༩།༥།༡༧
OHHDL

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱ་དང་བཅུ་ལྷག་བཞུགས་རྒྱུར་ལྷ་བླའི་ལུང་བསྟན་ཡོད་པ་བརྟན་བཞུགས་སྐབས་བཀའ་སྩལ་འདུག
ཕྱི་ཟླ་ ༥ ཚེས་ ༡༧ ཉིན་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་བླ་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་གཞིས་བྱིས་གཉིས་ཀྱི་ཆོལ་གསུམ་ཆོས་རྒྱུད་ལྷ་མི་ཟུངས་འབྲེལ་གྱིས་ཚེ་དཔག་མེད་དངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཚན་ལམ་ཞིག་གི་ནང་དཔལ་ལྡན་ལྷ་མོས་༧གོང་ས་མཆོག་དགུང་གྲངས་བརྒྱ་དང་བཅུ་ལྷག་ཞུགས་རྒྱུར་ཐེ་ཚོམ་མེད་པ་གསུངས་ཡོད་པ་བཀའ་གནང་པ་དང་། དེ་བཞིན་མཚན་ལམ་གཞན་དང་ཡིད་ཆེས་འཕེར་ངེས་ཀྱི་ལྷ་བླའི་ལུང་བསྟན་ཁག་ལས་སྐུ་ཚེ་དགུང་གྲངས་བརྒྱ་དང་བཅུ་ལྷག་ཞུགས་རྒྱུ་ཡིན་པ་གསལ་བ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་འཛམ་གླིང་གི་སྐྱེ་འགྲོའི་བདེ་དོན་ལ་ཕན་པའི་ཆེད་སྐུ་ཚེ་རིང་དུ་ཞུགས་རྒྱུར་ཐུགས་སྨོན་དང་སྐུའི་འཕྲོས་བཞེས་གནང་བཞིན་ཡོད་པ་བཀའ་གནང་ཞིང་། བརྟན་ཞུགས་སུ་ཆེད་བཅར་ཞུས་པའི་མི་དམངས་ཚོས་དགའ་བསུ་ཆེན་པོ་ཞུས་ཡོད་པ་རེད།
ཐེངས་འདིའི་བརྟན་ཞུགས་ཀྱི་རྡོ་རྗེ་སློབ་དཔོན་འཁོར་རིག་བསྟན་པའི་སྲོག་ཤིང་དཔལ་ས་སྐྱ་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་གནང་ཞིང་ ས་དགེ་དཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་དབུ་བླ་དང་བླ་ཆེན་ཁག་གཅིག་ཆེད་བཅར་ཞུས་ཡོད་པ་རེད།
ཉེ་ལམ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་གཟུགས་བདེ་མིན་བྱུང་སྐབས་ཕྱི་ནང་དད་ལྡན་མང་པོ་ཞིག་གིས་སེམས་འཚབ་དང་། ཞབས་རིམ་སྨིན་སྒྲུབ་དང་སྦྲགས་སྨོན་ལམ་རྒྱབ་ཡོད་པ་དེས་ཏན་ཏན་ཕན་ཐོགས་བྱུང་ཡོད་པ་བཀའ་གནང་པ་དང་། ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་ནང་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ། བཟང་སྤྱོད་གོང་འཕེལ་གྱི་ཐོག་ཞི་བདེ་ཡོང་ཐབས་ཀྱི་མཛད་འཕྲིན་གྱིས་འཛམ་གླིང་འདིར་ཕན་ཡོང་གི་ཡོད་པ་ཞིག་འདུག་ན་སྐུ་ཚེ་བརྟན་ན་དགོས་པ་ཡོད་པ་བཀའ་སྩལ་གནང་པར་མ་ཟད། བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ལོ་ངོ་དྲུག་བཅུའི་ནང་ཞབས་འདེགས་བསྒྲུབ་པ་དང་། དེ་ཡང་གཙོ་བོ་གཞིས་ལུས་བོད་མིའི་ཞུམ་པ་མེད་པའི་ལྷག་བསམ་སྙིང་སྟོབས་ལ་བརྟེན་ནས་བཙན་བྱོལ་ནང་ཚང་མས་གང་ཡོང་བྱས་པར་ལེགས་སོའི་བསྔགས་བརྗོད་མཛད་ཡོད་པ་རེད།
ད་རེས་བརྟན་བཞུགས་སྐབས་བོད་མི་སེར་སྐྱ་མི་མང་བརྒྱད་སྟོང་བརྒལ་བའི་ཐོག་བོད་མི་ཙམ་མ་ཡིན་པར་འཕགས་པ་གནས་བརྟན་པའི་དགེ་འདུན་པ་དང་། དེ་བཞིན་ཕྱི་རྒྱལ་བ་སོགས་ནས་མགོན་པོ་མཆོག་སྐུ་ཚེ་བརྟན་པའི་ཆེད་དུ་སྨོན་ལམ་ཞུ་ཆེད་བཅར་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎