རྒྱ་ནག་གཞུང་ལ་མེ་མདའི་སྟོབས་ཡོད་ཀྱང་ང་ཚོར་བདེན་པའི་ནུས་སྟོབས་ཡོད། ༧གོང་ས་མཆོག་གིས།
2019.12.25
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་ལ་མེ་མདའི་དྲག་ཤུགས་ཀྱི་སྟོབས་ཡོད་ཀྱང་བོད་མི་ཚོར་བདེན་པའི་ནུས་སྟོབས་ཡོད་པ་རྡོ་རྗེ་གདན་ནས་བཀའ་བསྩལ་འདུག
བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་ལ་མེ་མདའི་དྲག་ཤུགས་ཀྱི་སྟོབས་ཡོད་ཀྱང་བོད་མི་ཚོར་བདེན་པའི་ནུས་སྟོབས་ཡོད་པ་སྤྱི་ཟླ་༡༢་བའི་ཚེས་༢༥་ཉིན་རྒྱ་གར་གྱི་ནང་པའི་གནས་ཆེན་རྡོ་རྗེ་གདན་དུ་གསར་འགོད་པ་ཚོའི་དྲི་བར་བཀའ་ལན་བསྩལ་གནང་འདུག
དེ་ཡང་སྤྱི་ཚེས་༢༥་ཉིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོའི་རྟེན་གཙོར་གནས་གཟིགས་མཛད་པ་དང་། གནས་གཟིགས་རྗེས་མཆོད་རྟེན་མདུན་ངང་སྒུག་བྱས་ཡོད་པའི་གསར་འགོད་པ་ཚོས་རྒྱ་ནག་གཞུང་དང་འབྲེལ་བའི་བཀའ་འདྲི་ཞུས་སྐབས། ༧གོང་ས་མཆོག་གིས། རྒྱ་ནག་ནང་གནས་སྟངས་རིམ་པས་འགྱུར་བ་འགྲོ་བཞིན་ཡོད་པ་དང་། དེང་སྐབས་རྒྱ་ནག་ལ་མཚོན་ན་འཛམ་གླིང་ནང་ནང་པ་མང་ཤོས་ཡོད་ས་ཡིན། འདས་པའི་ལོ་གསུམ་གྱི་གོང་རྒྱ་ནག་གི་པེ་ཅིང་(Beijing)་གཙུག་ལག་སློབ་གྲྭ་ཆེན་མོས་རྒྱ་ནག་ནང་ནང་པའི་ཆོས་དད་པ་ག་ཚོད་ཡོད་མེད་ཞིག་འཇུག་བྱས་སྐབས། རྒྱ་ནག་ནང་ནང་ཆོས་ཀྱི་རྗེས་འཇུག་པའི་གྲངས་འབོར་དེ་མི་གྲངས་ས་ཡ་༣༠༠་ཡོད་པ་གསལ་སྟོན་བྱུང་ཡོད་ལ། རྒྱ་ནག་གི་ནང་པ་མང་ཆེ་བ་བོད་བརྒྱུད་ནང་ཆོས་བྱེད་མཁན་ཡིན་པ་དང་། མང་ཆེ་བ་ཤེས་ཡོན་ཡོད་མཁན་དེ་འདྲ་ཡིན་པ་བཀའ་གནང་བ་དང་མཉམ་ང་ཚོར་བདེན་པ་ཡོད། བདེན་པའི་ནུས་སྟོབས་ཡོད། རྒྱ་ནག་དམར་ཤོག་ལ་མེ་མདའི་སྟོབས་ཤུགས་ཡོད། འོན་ཀྱང་མ་འོངས་ཕུགས་རྒྱང་རིང་པོར་མེ་མདའ་ལས་བདེན་པ་ལ་སྟོབས་ཤུགས་ཆེ་བ་ཡོད་པ་བཀའ་སྩལ་ཡོད་པ་རེད།
སྤྱི་ནོར་༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་བྱེས་ཀྱི་གདན་ས་འབྲས་སྤུངས་དང་། དགའ་ལྡན་བཅས་སུ་ཆོས་འབྲེལ་མཛད་འཕྲིན་ཁག་ལེགས་པར་འགྲུབ་རྗེས་སྤྱི་ཚེས་༢༤་ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་འཁོད་ཡོད་པ་དང་། སྤྱི་ལོ་༢༠༢༠་ལོའི་ཟླ་༡་པོའི་ཚེས་ ༢ ་ཉིན་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་སྩལ་རྒྱུ་དང་། ཚེས་ ༣ ་ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་རྒྱུ་སོགས་ཚེས་ ༦ ་བར་མཛད་འཆར་ཡོད་པ་རེད།