༧གོང་ས་མཆོག་གིས་ཐུགས་ཕམ་དང་བཅས་ཐུགས་གསོ་གནང་འདུག
2016.09.29

༧གོང་ས་མཆོག་གིས་སྐུ་ཞབས་ཤི་མོན་པེ་རི་སི་Shimon Peres་མཆོག་དགོངས་པ་རྗོཊ་པར་ཐུགས་ཕམ་དང་བཅས་ཐུགས་གསོ་གནང་ཡོད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ས་རལ་གྱི་སྲིད་འཛིན་ཟུར་པ་Shimon Peres་མཆོག་དགོངས་པ་རྗོགས་པར་ཐུགས་ཕམ་དང་བཅས་ཐུགས་གསོའི་འཚམས་འཕྲིན་གནང་ཡོད་འདུག
དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་གནས་སུ་གནས་ཚུལ་བཀོད་ཐོན་བྱུང་བར་གཞིགས་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ཚེས་༢༨་ཉིན་དགོངས་པ་རྗོགས་པའི་ཨི་ས་རལ་གྱི་སྲིད་འཛིན་ཟུར་པ་དང་། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་Shimon Peres་དམ་པ་དེའི་ཐེབས་རྩ་ཁང་དུ་ཐུགས་གསོའི་འཚམས་འཕྲིན་གནང་བའི་ནང་། སྐུ་ཞབས་ཤི་མོན་པེ་རི་སི་མཆོག་ཀླད་རྩའི་གྲིབ་སྐྱོན་ཚབས་ཆེ་ཕོག་རྐྱེན་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཤེས་རྟོགས་བྱུང་བར་ངོས་རང་ཧ་ཅང་བློ་ཕམ་བྱུང་། དཀའ་ངལ་ཧ་ཅང་ཆེ་བའི་དུས་སྐབས་འདིར་ངོས་ཀྱིས་དམ་པ་ཁོང་ལ་སྨོན་ལམ་གསོལ་འདེབས་ཞུ་རྒྱུ་དང་། ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་སྦྲགས་སེམས་གསོ་ཞུ་རྒྱུ་ཡིན། དེ་སྔ་དམ་པ་ཁོང་དང་ཐེངས་འགའ་ཤས་མཇལ་ མྱོང་ཡོད་པ་མ་ཟད། མཇལ་འཕྲད་མཐའ་མ་དེ་ཕྱི་ལོ་༢༠༠༦་ལོར་ཇོར་ཌོན་ཡུལ་དུ་བྱུང་། སྐབས་དེར་ང་ཚོ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམས་ཀྱི་ཞི་བདེའི་ལྷན་ཚོགས་ཤིག་ཚོགས་པ་དང་། ལྷན་ཚོགས་དེའི་ཐོག་ཞི་བདེའི་དབུ་ཁྲིད་རྣམ་པ་ཙམ་མ་ཟད། བློ་གྲོས་ལྡན་པའི་སྐྱེ་བོ་གཞན་ཡང་མཉམ་བཞུགས་ཀྱིས་གོ་ལ་སྤྱིའི་དཀའ་ངལ་སེལ་ཐབས་སྐོར་གོ་བསྡུར་བྱུང་ཡོད།
སྐུ་ཞབས་ཤི་མོན་པེ་རི་སི་དམ་པ་ཁོང་གིས་ཨི་སི་རེལ་དང་པེ་ལི་སི་ཊེན་Israel and Palestine་ཡུལ་གཉིས་དབར་ཞི་བདེ་བསྐྲུན་ཐབས་ཆེད་འབད་བརྩོན་གནང་བ་དེར་ངོས་ཀྱིས་ཡི་རང་བསྔགས་བརྗོད་ཞུས་ཡོད། ཁོང་གི་འབད་བརྩོན་གནང་བའི་རྗེས་འབྲས་སུ་ཕྱི་ལོ་ ༡༩༩༣་ལོར་ཨི་སི་རེལ་དང་པེ་ལི་སི་ཊེན་ཡུལ་གཉིས་དབར་ལོ་རྒྱུས་རང་བཞིན་ལྡན་པའི་ཞི་བདེའི་གྲོས་མཐུན་Oslo Peace Accords་འཇོག་ཐུབ་པ་བྱུང་ཡོད་ཅེས་གསུངས་ཡོད་འདུག
ཡང་གོང་ས་མཆོག་གིས་གསུང་འཕྲིན་དེའི་ནང་། སྐུ་ཞབས་དམ་པ་ཁོང་ནི་གུ་ཡངས་བྱ་རྒྱུ་གལ་ཆེ་ཡིན་སྐོར་ཡང་ཡང་གསུང་མཁན་ཞིག་ཡིན་པ་ཐུགས་དྲན་གསོ་མཛད་པ་དང་སྦྲགས་འཁོད་དོན། ཐེངས་གཅིག་དམ་པ་ཁོང་གིས། ད་ལྟའི་ཆར་པེ་ལི་སི་ཊེན་ཡུལ་འདི་ཨི་སི་རེལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ས་ཐག་ཉེ་ཤོས་ཡིན་པ་ཙམ་དུ་མ་ཟད། འབྱུང་འགྱུར་གྲོགས་པོ་ཉེ་ཤོས་ཤིག་ཆགས་སྲིད་ཅེས་གསུངས་པ་དེ་བཞིན་དུས་ཚོད་རིང་པོ་མ་འགོར་བར་དོན་དངོས་ཐོག་ཡུལ་གཉིས་གྲོགས་པོ་ཉེ་ཤོས་ཤིག་ཡོང་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུང་འཕྲིན་ནང་འཁོད་ཡོད་འདུག
གསར་འགོད་པ་རིག་འཛིན་ཆོས་སྒྲོན།