བོད་རྒྱ་ནག་ནས་ཁ་བྲལ་དུ་གཏོང་གི་མེད་པ་གསུངས་འདུག


2016.09.16
༧གོང་ས་མཆོག་གིས་ཡོ་རོབ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་ནང་བཀའ་སློབ་གནང་སྐབས། ༢༠༡༦།༩།༡༥ ༧གོང་ས་མཆོག་གིས་ཡོ་རོབ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་ནང་བཀའ་སློབ་གནང་སྐབས། ༢༠༡༦།༩།༡༥
Olivier Adam

རྒྱ་ནག་གཞུང་གིས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་༧གོང་ས་མཆོག་དང་མཇལ་མོལ་གནང་བར་ངོ་རྒོལ་གྱི་རྣམ་འགྱུར་བསྟན་འདུག
དེ་ཡང་འདི་ཚེས་༡༥་རེས་གཟའ་ཕུར་བའི་ཉིན། སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཧྥ་རན་སའི་སི་ཊར་སི་སྦག་Strasbourg་གྲོང་ཁྱེར་དུ་ཡོ་རོབ་གྲོས་ཚོགས་ནང་། ཡོ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་ནས་རང་གི་ཐུན་མོངས་མ་ཡིན་པའི་རིག་གཞུང་མི་ཉམས་རྒྱུད་འཛིན་གནང་བ་དང་དུས་མཚུངས་ཡོ་རོབ་སྤྱི་མཐུན་གྱི་དམིགས་ཡུལ་དོན་དུ་གཉེར་བཞིན་པར་བསྔགས་བརྗོད་མཛད་པ་དང་སྦྲགས་དེ་ནི་རྒྱ་ནག་གི་ཁོངས་སུ་བོད་གནས་རྒྱུའི་མིག་དཔེ་ཞིག་ཡིན་སྐོར་བརྡ་བཏང་གནང་མཛད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་༡༥་ཉིན་ཡོ་རོབ་སྤྱི་མཐུན་གྱི་ཕྱི་འབྲེལ་ཚོགས་ཆུང་ཐོག་བཀའ་སློབ་སྩལ་གནང་མཛད་སྐབས། ཡོ་རོབ་མཐུན་ཚོགས་ཀྱི་སྙིང་སྟོབས་དང་ནུས་ཤུགས་ང་ཚོའི་སེམས་ལ་འཇུག་པོའམ་དགའ་པོ་ཡོད། རང་དབང་རང་བཙན་གཙང་མ་ཡིན་པའི་རྒྱལ་ཁབ་ཚོ་མཉམ་འབྲེལ་སྒོ་ནས་ཡོ་རོབ་སྤྱི་མཐུན་གྱི་ཁེ་ཕན་དོན་དུ་གཉེར་བཞིན་པ་དེ་གལ་ཆེན་པོ་རེད་ཅེས་བསྔགས་བརྗོད་མཛད་འདུག
༧གོང་ས་མཆོག་གིས་བཀའ་མུ་མཐུད་ནས་སྩལ་དོན། ང་ཚོ་བོད་མི་ཚོ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་དགའ་པོའི་ངང་ནས་མཉམ་ཞུགས་སམ་གནས་རྒྱུའི་འདོད་པ་ཡོད། ཡིན་ནའི་རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པར་ངེས་པར་དུ་གུས་བརྩི་ཞུ་དགོས་སྐོར་བཀའ་སྩལ་གནང་མཛད་འདུག
ད་དུང་༧གོང་ས་མཆོག་གིས་བོད་ཀྱི་གནད་དོན་དེ་བཞིན་ཞི་བའི་གྲོས་མོལ་གྱི་ཐབས་ལམ་ནས་སེལ་བའི་ཐུགས་རེ་གནང་གི་ཡོད་ན་ཡང་འཛམ་གླིང་ཕྱི་ཕྱོགས་སྤྱི་དང་། ལྷག་དོན་དུ་ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱ་རྒྱུར་འཛེམ་ཟོན་བྱ་རྒྱུ་མེད། མཚམས་རེར་དོན་ཕན་དང་ནུས་པ་ལྡན་པའི་སྐྱོན་བརྗོད་ངེས་པར་དུ་བྱེད་དགོས་པའི་སྐོར་དང་། བོད་མི་རྣམས་ཀྱིས་བོད་རང་བཙན་རྩོད་ལེན་གནང་གི་མེད་ལ་རྒྱ་ནག་ནས་བོད་ཁ་བྲལ་ཡང་དོན་དུ་གཉེར་གྱི་མེད། བོད་ལ་དོན་དམ་པའི་རང་སྐྱོང་གི་གནས་བབས་ཡོང་བ་དང་བོད་ཀྱི་གནད་དོན་དེ་ཡང་རྒྱ་ནག་དང་ཞི་བའི་གྲོས་མོལ་ལམ་ནས་སེལ་ཐབས་གནང་གི་ཡོད་སྐོར་བཀའ་སྩལ་གནང་མཛད་འདུག
ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཆོག་གིས། ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་པ་དང་། བོད་མི་མང་ལ་རང་གི་ཆོས་དང་རིག་གཞུང་། སྐད་ཡིག བོད་མི་རིགས་ཀྱི་ངོ་བོ་མི་ཉམས་བརྒྱུད་འཛིན་ལ་ཡང་རྒྱབ་སྐྱོར་ཞུ་ཡི་ཡོད་སྐོར་ནན་བརྗོད་གནང་འདུག
དེ་འབྲེལ་རྒྱ་ནག་གཞུང་ངོས་ནས་གཟའ་འཁོར་འགའ་ཤས་རྗེས་སུ་ཡོ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་སྐུ་ཚབ་ཚོགས་པ་ཞིག་རྒྱ་ནག་ནང་གཟིགས་སྐོར་ལ་ཕེབས་འཆར་དེ་ཕྱིར་འགྱངས་བྱས་སྐོར་ད་རིང་གསལ་བསྒྲགས་བྱས་ཡོད་པ་དང་། ད་རེས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་པར་ངོ་རྒོལ་ཡོད་པའི་རྣམ་འགྱུར་བསྟན་ཡོད་པ་རེད།
ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོའི་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསལ་བསྒྲགས་ནང་། ཚོགས་གཙོ་མཆོག་གིས་བོད་ཀྱི་དབུ་ཁྲིད ༧གོང་ས་ཏཱ་ལའི་བླ་མ་དང་མཇལ་འཕྲད་སྐབས་གཙོ་བོ་འཛམ་གླིང་ཧྲིལ་བོའི་ལས་དོན་དང་། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་བཀའ་མོལ་བྱུང་ཡོད་ཅེས་དང་། དེ་མིན་གསལ་བསྒྲགས་ནང་། རྒྱ་ནག་གཞུང་གིས་ཐོན་ལ་ཉེ་བའི་ཡོ་རོབ་གྲོས་ཚོགས་འཐུས་མིའི་གཟིགས་སྐོར་དེ་ཕྱིར་འགྱངས་བྱས་པར་ཚོགས་གཙོ་མར་ཊིན་ཤལ་ཛི་Martin Schulz་མཆོག་ལ་བློ་ཕམ་བྱུང་ཡོད་མོད། འོན་ཀྱང་། ཚོགས་གཙོ་མཆོག་གིས་མི་སུ་དང་མཇལ་འཕྲད་གནང་རྒྱུའི་ཐད་རང་དབང་ཡིན་པས། དེ་ལ་ཕྱི་རོལ་གྱི་གནོན་ཤུགས་སོགས་ཀྱི་ཤུགས་རྐྱེན་ཐེབས་མི་རུང་ཞིང་། ཡོ་རོབ་གྲོས་ཚོགས་ནི་སྣ་མང་དང་སུ་ལའང་སྒོ་མོ་ཡངས་པོར་ཕྱེས་པའི་རྟོག་དཔྱོད་ཀྱི་བསྟི་གནས་ཤིག་ཡིན་པས། ལྟ་སྤྱོད་ཐ་དད་ཡིན་པའི་མི་སྣ་འདྲ་མིན་མང་པོ་གདན་ཞུ་བྱས་ཆོག་ཅེས་བཀོད་ཡོད་པ་རེད། གཞན་ཡང་གསལ་བསྒྲགས་ནང་། ཡོ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གཅིག་གི་སྲིད་ཇུས་བཟུང་ཡོད་ཀྱང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལའང་དོ་ཁུར་ཡོད་པ་བཀོད་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ་དང་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎