༧གོང་ས་མཆོག་གིས་སོག་རིགས་དད་ལྡན་པ་ཚོར་ཉིན་གྲངས་གཉིས་ཀྱི་བཀའ་ཆོས་དབུ་འཛུགས་བསྐྱངས་པ།

2021.11.04
༧གོང་ས་མཆོག་གིས་སོག་རིགས་དད་ལྡན་པ་ཚོར་ཉིན་གྲངས་གཉིས་ཀྱི་བཀའ་ཆོས་དབུ་འཛུགས་བསྐྱངས་པ། ༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བཀའ་ཆོས་སྩལ་གནང་བཞིན་པ། ༡༡།༠༤།༢༡
OHHDL

ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁོངས་ཀྱི་སོག་རིགས་གཙོས་པའི་ནང་བའི་དད་ལྡན་པ་ཚོས་གསོལ་འདེབས་ཞུས་དོན་བཞིན། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད། ཉིན་གཉིས་རིང་མདོ་སྡེ་རྒྱན་གྱི་བཀའ་ཁྲིད་གནང་བཞིན་པ་དང་། འདི་ཚེས་༤་ཉིན་སྔོན་འགྲོའི་ཆོས་བཤད་དང་འབྲེལ། ཐུ་ཝ་རྒྱལ་ཕྲན་གྱི་བརྩེ་ཆེན་གླིང་གི་དགེ་འདུན་པ་བྱམས་པ་མོང་གྷུ་ཤེ་ལགས་ནས། སངས་རྒྱས་ཀྱི་བསྟན་པ་ནི་དགེ་འདུན་གྱི་སྡེ་ལ་རག་ལུས་པས། འཛམ་གླིང་སྤྱིར་རབ་བྱུང་གི་སྡེ་འཕེལ་བསྐྱེད་ཡོང་བར། རང་བྱུང་དང་ཁྱིམ་པ་གཉིས་ཀའི་ལས་འགན་གྱི་སྐོར་བཀའ་འདྲིའི་བཀའ་ལན་དུ། ༧གོང་ས་མཆོག་གིས། གཙོ་བོ་ནང་པ་སངས་རྒྱས་པའི་ཆོས་ནི་འདོན་པ་འདོན་རྒྱུ་དང་འཆམ་འཆམ་རྒྱུའི་བཟོ་དེ་འདྲ་མིན་པར། སེམས་ཁམས་རིག་པ་གཙོར་གྱུར་གྱི་ཤེས་བྱའི་རྣམ་གཞག་གཏན་ལ་ཕབ་རྒྱུ་ཡོད་པར་དོ་སྣང་རིམ་པས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། དེ་བྱུང་ན་བཤད་གྲྭ་དགེ་འདུན་གྱི་སྡེ་མུ་མཐུད་གནས་པ་དང་། རིམ་པས་དགེ་འདུན་གྱི་གྲངས་འབོར་མང་དུ་འགྲོ་བའི་ཆ་རྐྱེན་ཡོད་ཁར། སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་དང་ཚད་མ་རིག་པ། སེམས་ཁམས་རིག་པ་བཅས་ལ་དགོན་པའི་ནང་སློབ་གཉེར་དང་ཆབས་ཅིག སྤྱི་ཚོགས་ཀྱི་ཤེས་ཡོན་སྡེ་ཚན་ནང་དུའང་ཞབས་འདེགས་སྒྲུབ་གལ་ཆེན་པོ་རེད་ཅེས་བཀའ་གནང་སོང་།
ཡང་༧གོང་ས་མཆོག་གིས། དེ་སྔ་བོད་ལ་བླ་མའི་ཆོས་ལུགས་ཀྱི་མིང་བཏགས་བསྡད་ཡོད་ནའང་། བར་སྐབས་ནས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དེ་ཚད་མ་རིག་པ་དང་ལྟ་གྲུབ་གཏིང་ཟབ་ཡོད་པའི་ཆོས་རྒྱུད་ཅིག་ཡིན་པ། འཛམ་གླིང་ཡོངས་གྲགས་ཀྱིས་ཕལ་ཆེར་ངོས་ལེན་ཡོད་པས་བོད་ཀྱི་སངས་རྒྱས་བསྟན་པ་ནི་དཔལ་ནཱལེན་དྲའི་ཆོས་རྒྱུས་དྲི་མ་མེད་པ་ཆགས་ཡོད་ཅིང་། དབུ་ཚད་ཀྱི་ལམ་ནས་དཔྱད་པ་བྱེད་མཁན་གྱི་ནཱ་ལེན་དྲའི་ཆོས་རྒྱུད་འཛིན་པ་ཕལ་ཆེར་ང་ཚོ་བོད་སོག་གཉིས་ཀ་ཡིན་པ་དང་། ཧོར་གྱི་ཡུལ་ཁག་ཏུ་བསྟན་པ་བསྐྱར་གསོ་ཡོང་བའི་རྣམ་པ་གསལ་བོ་འདུག་པས། སོག་རིགས་ཚོས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་དགོས་པ་ཧ་ཅང་གལ་ཆེན་རེད་ཅེས་བཀའ་བསྩལ།
གཞན་ཡང་ཨུ་རུ་སུ་བྷོར་ཡ་ཐུ་རྒྱལ་ཕྲན་གྱི་ཡེ་ལོ་རིན་པོ་ཆེ་ནས་ལས་འབྲས་ཀྱི་རྣམ་གཞག་དང་འབྲེལ་བའི་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། ལས་ཆུང་ངུ་ཞིག་ཡིན་ནའང་གོམས་པའི་སྟོབས་ཀྱིས་འཕེལ་ཏེ། རྒྱ་ཆེ་བའི་ལམ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དེར་ཉིན་རེ་བཞིན་བསམ་བློ་བཏང་ན། སེམས་ལ་ངེས་པ་དང་ཞི་བདེ་སླེབས་པ་དང་། སྟོང་ཉིད་ཀྱི་ལྟ་བར་ཅི་ཙམ་བསམ་བློ་བཏང་ན་དེ་ཚོད་ཀྱིས་སེམས་ལ་ངེས་པ་ཐོབ་པ་ཞིག་ཡོད་པས། འགོག་བདེན་ཟེར་བ་དེ་ཕལ་ཆེར་ཐོབ་རྒྱུ་རེད་སྙམ་པའི་སེམས་ལ་སྤོབས་པ་སླེབས་རྒྱུ་ཡོད་པ་བཀའ་གནང་སོང་།
ཨུ་རུ་སུའི་མཉམ་འབྲེལ་རྒྱལ་ཁོངས་སུ་བོད་རྒྱུད་ནང་ཆོས་ལ་དད་པ་བྱེད་མཁན་གྱི་སོག་རིགས། ཁལ་མིག་སྤྱི་མཐུན་རྒྱལ་ཕྲན་དང་བྷོར་ཡ་ཐུ་སྤྱི་མཐུན་རྒྱལ་ཕྲན། ཐུ་ཝ་སྤྱི་མཐུན་རྒྱལ་ཕྲན་བཅས་གསུམ་གྱི་ཡུལ་ལུང་ཁག་ནས། ད་ལན་༧གོང་ས་མཆོག་གི་གསུང་ཆོས་ལ་མཉམ་ཞུགས་གནང་གི་ཡོད་པ་མ་ཟད། ཨུ་རུ་སུའི་མགོ་སེར་མི་རིགས་ཀྱི་ཆོས་ཚོགས་ཁག་ནས་ཀྱང་དད་ལྡན་པ་མང་པོ་ལྷན་ཞུགས་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎