བཙན་བྱོལ་ནང་ཨེ་ཙི་གཉན་ནད་རེག་དུག་ཕོག་ཡོད་པའི་ནད་པ་དྲུག་ཅུ་ལྷག་ཡོད་འདུག

2020.12.01
བཙན་བྱོལ་ནང་ཨེ་ཙི་གཉན་ནད་རེག་དུག་ཕོག་ཡོད་པའི་ནད་པ་དྲུག་ཅུ་ལྷག་ཡོད་འདུག
Photo: RFA

འཛམ་གླིང་ཨེ་ཙི་གཉན་ནད་རེག་དུག་གི་ཉིན་མོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཨེ་ཙི་ནད་པ་ཚོས་བརྟག་དཔྱད་དང་འབྲེལ་སྔོན་ཚུད་ནས་སྨན་བཅོས་གནང་དགོས་པའི་འབོད་སྐུལ་གནང་འདུག
དེང་སྐབས་འཛམ་གླིང་ཁྱོན་དུ་མི་འབོར་བྱེ་བ་གསུམ་དང་ས་ཡ་བརྒྱད་ཙམ་ད་དུང་ཡང་གཉན་ནད་རེག་དུག་ཨེ་ཙི་ན་ཚས་མནར་གྱི་ཡོད་ཁར། མི་འབོར་ས་ཡ་བཅུ་གཉིས་བརྒལ་བ་སྨན་བཅོས་ཀྱི་མཐུན་རྐྱེན་གང་ཡང་རག་གི་མེད་པར་བརྟེན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ལོ་ལྟར་སྤྱི་ཟླ་༡༢པའི་ཚེས་༡ཉིན་ནི། འཛམ་གླིང་ཨེ་ཙི་ཉིན་མོར་སྲུང་བརྩི་གནང་གི་ཡོད་པ་ལྟར། ད་ལོའི་འབོད་ཚིག་ནི་གོ་ལ་སྤྱི་ཡོངས་སུ་ནད་པ་ཚོར་གདུང་སེམས་མཉམ་བསྐྱེད་དང་། གནས་སྟངས་སྔར་སོར་ཆུད་ཐབས་སུ་ཞབས་འདེགས་སྒྲུབ་རྒྱུ་བཅས་ཡིན་ཅིང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུའང་རྣམ་ཀུན་ཉི་མ་འདིར། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སོགས་ཀྱིས། ཨེ་ཙི་ན་ཚའི་ཐོག་གོ་རྟོགས་ལས་འགུལ་སྣ་ཚོགས་ཤིག་གནང་བསྡད་ཡོད་ནའང་། ད་ལོ་ནད་ཡམས་ཀྱི་དབང་གིས་མི་མང་གི་བདེ་འཇགས་གལ་ཆེན་ལ་དགོངས་ཏེ། དམིགས་བསལ་ལས་འགུལ་རིགས་གནང་གི་མེད་ནའང་། བོད་མིའི་སྒྲིག་འཕྲོད་བསྟེན་ལས་ཁུངས་ཀྱི་གཉན་ནད་རེག་དུག་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་པ། བསོད་ནམས་བསྟན་འཛིན་ལགས་ནས། བོད་མིའི་སྤྱི་ཚོགས་སུ་སྔོན་ཚུད་ནས་བརྟག་དཔྱད་མ་གནང་བར་ནད་མནར་ཚབ་ཆེན་ཆགས་ཏེ། གཉན་ནད་རེག་དུག་གིས་མནར་པ་ཚོར་སྨན་བཅོས་བྱེད་རྒྱུ་འཕྱི་དྲགས་པ་སོགས་ཡོང་གི་ཡོད་པས། སྔོན་ཚུད་སོ་སོས་བརྟག་དཔྱད་གནང་སྟེ་སྨན་བཅོས་གནང་གལ་ཆེ་བ་འབོད་སྐུལ་གནང་བ་དང་མཉམ། སྤྱི་ཚོགས་ནང་ནད་པ་དབྱེ་འབྱེད་ཤུགས་ཆེ་བྱས་ཏེ་ནད་པ་ཚོར་སེམས་མི་སྐྱིད་པ་དང་། རེ་བ་བརླག་ནས་མི་ཚེ་ཡག་པོ་བསྐྱལ་མ་ཐུབ་པའི་གནས་སྟངས་ཡོང་གི་ཡོད་པས། སྤྱི་ཚོགས་ནང་དབྱེ་འབྱེད་མི་གནང་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་པ་མ་གཏོགས། ན་ནིང་བོད་མི་ནད་པ་བཞི་དང་ད་ལོ་ནད་པ་གསུམ་འདས་གྲོངས་སུ་ཕྱིན་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག་ཅིང་། ཡང་ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཐད་ཀར་ལྟ་སྐྱོང་འོག་ཡོད་པ། བཙན་བྱོལ་བོད་མི་ཨེ་ཙི་ནད་པ་༥༠ནས་༦༠ཡོད་པ་དང་། མང་ཆེ་བ་འགོག་སྲུང་མེད་པའི་ལུས་འབྲེལ་གྱི་ཐོག་ནས་འགོས་ཁྱབ་བྱུང་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གཞན་ནད་པ་དེ་ཚོ་གཙོ་བོ་གང་ནས་ཡིན་པ་གསུང་སྐབས། ད་ལྟའི་ཆར་གཞིས་ཆགས་རེ་རེ་མིང་འདོན་བྱས་ན་ཡག་པོ་མི་འདུག་སྟེ། མང་ཆེ་བ་མིང་ཐོ་ལ་བལྟས་ན་རྒྱ་གར་ལྷོ་ཕྱོགས་བོད་མིའི་ཆགས་ཁག་ཆགས་ཡོད་པ་དང་། (Covid-19)ཏོག་དབྱིབས་རིམས་ནད་ཀྱིས་ཐེམ་སྤང་གི་སྐབས་སུ་ཨེ་ཙི་ནད་པ་ཚོར། དམིགས་བསལ་ཟླ་རེ་བཞིན་སྨན་ལེན་པ་དང་བརྟག་དཔྱད་དུ་བསྐྱོད་རྒྱུར་དཀའ་ངལ་འཕྲད་ཡོད་ནའང་། འཕྲོད་བསྟེན་ལས་ཁུངས་ནས་ལམ་སྟོན་དུ་ནད་པ་ཚོ་མཉམ་དུ་ཕེབས་པ་དང་། སྨན་པ་ལ་གོ་སྒྲིག་འབྲེལ་མཐུད་སོགས་འཕྲོད་བསྟེན་ལས་ཁུངས་ནས་རོགས་རམ་གྱི་གོ་སྐབས་བྱུང་བ་འགྲེལ་བརྗོད་གནང་གི་འདུག་ཅིང་། བཙན་བྱོལ་བོད་མི་མང་ཆེ་བ་གནས་སྡོད་ཀྱི་རྒྱ་གར་རྒྱལ་ཁབ་ནང་ཨེ་ཙི་ནད་པ་ས་ཡ་གཉིས་དང་འབུམ་གཅིག་ཡོད་པ་དང་། འཛམ་གླིང་ཁྱོན་དུ་ཨེ་ཙི་ན་ཚ་ཁྱབ་ཆེ་ཤོས་རྒྱལ་ཁབ་ཨང་རིམ་གསུམ་པ་དེ་ཆགས་ཡོད་པས། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཨེ་ཙི་ན་ཚའི་སྐོར་ལ་ལས་དོན་གནང་མཁན། གཞུང་འབྲེལ་མ་ཡིན་པའི་ཀུན་ཕན་ཚོགས་པ་ནས་ནམ་རྒྱུན་ལྟར། མང་ཚོགས་ནང་ཨེ་ཙི་ན་ཚའི་ཐོག་གོ་རྟོགས་ལས་འགུལ་ཀྱང་སྤེལ་གྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎