བོད་ཀྱི་རྒྱལ་རོང་བུད་མེད་ལྷ་མོ་མེར་སྲེག་གཏོང་མཁན་གྱི་རྒྱ་མི་ཐང་ལུའུ་ཟེར་བར་སྲོག་ཐོག་བཏང་འདུག

འབྲེལ་ཡོད་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཟི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་རྔ་བ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། སྤྱི་ཚེས་༢༣ཉིན་དྲ་ཐོག་ཏུ་ཕྱི་བསྒྲགས་ཐུང་ངུ་ཞིག་སྤེལ་
ཡོད་པའི་ནང་དུ། རྒྱ་རིགས་ལག་དམར་བ་ཐང་ལུའུ་ཟེར་བར་མི་བསད་པའི་ནག་ཉེས་ར་སྤྲོད་ཀྱིས་སྲོག་ཐོག་བཏང་ཟིན་པའི་གནས་ཚུལ་སྤེལ་འདུག
བོད་རྒྱལ་རོང་ཡུལ་གྱི་བུད་མེད་ལྷ་མོ་དང་རྒྱ་རིགས་ཐང་ལུའུ་ཟེར་བ་གཉིས་ཀྱིས་སྤྱི་ལོ་༢༠༠༩ལོར་གཉེན་སྒྲིག་བྱས་ཤིང་། ལོ་ན་༣༠ལོན་པའི་བུ་མོ་ལྷ་མོ་ནི་དྲ་རྒྱའི་སྟེང་དུ་མི་འབུམ་གཅིག་ལྷག་གིས་ལྟ་ཉན་བྱེད་མཁན་ཡོད་པའི་ཅུང་མིང་གྲགས་ཡོད་པ་ཞིག་ཡིན་འདུག དུས་ཡུན་ངེས་ཅན་ཞིག་གི་རྗེས་སུ་བཟའ་ཟླས་ནམ་རྒྱུན་ལྷ་མོར་གཅར་རྡུང་བྱས་པའི་དབང་གིས། སྤྱི་ལོ་༢༠༢༠ལོའི་སྤྱི་ཟླ༣པའི་ཚེས༩ཉིན་བཟའ་ཐོར་བྱས་ཤིང་། ལོ་དེའི་སྤྱི་ཟླ་༩བའི་ཚེས༡༤ཉིན། བོད་རིགས་བུ་མོ་ལྷ་མོས་རང་ཁྱིམ་དུ་ཐད་གཏོང་བྱེད་བཞིན་པའི་སྐབས་སུ། མོའི་སྔར་གྱི་ཁྱོ་ག་རྒྱ་མི་དེ་གློ་བུར་དུ་ནང་ལ་འཛུལ་ནས་མོའི་ལུས་སྟེང་དུ་ས་སྣུམ་བླུགས་ནས་གདུག་རྩུབ་དྲག་པོས་གསོན་སྲེག་བཏང་ནས་ཟླ་ངོ་ཕྱེད་ཙམ་གྱི་རྗེས་སུ་ལྷ་མོ་འདས་གྲོངས་སུ་གྱུར་བ་ཞིག་ཡིན་འདུག
ཡ་ང་བའི་དམར་གསོད་ཀྱི་གསར་འགྱུར་དེ་བོད་དང་རྒྱ་ནག་ཙམ་མ་ཡིན་པར། འཛམ་གླིང་གི་བརྒྱུད་ལམ་ཆེ་ཁག་ཕལ་མོ་ཆེར་ཁྱབ་ཡོད་པ་རེད། རྒྱ་ནག་གི་ཉེན་རྟོག་པས་ཉིན་ཤས་རྗེས་སུ་རྒྱ་མི་ཁྱོ་ག་དེ་འཛིན་བཟུང་བྱས་འདུག་ལ། ལོ་སྔོན་མའི་སྤྱི་ཟླ་༡༠བར་གོང་ཞུས་རྒྱ་ནག་གི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཚབས་ཆེའི་གྱོད་དོན་དེ་དང་འབྲེལ་བའི་ཁྲིམས་ཐག་ཕྱིར་བསྒྲགས་བྱས་པའི་ནང་དུ། རྒྱ་མི་ཐང་ལུའུ་ཡིས་ལོ་ན་ ༣༠ ལ་སོན་པའི་ལྷ་མོའི་སྟེང་དུ་ས་སྣུམ་བླུགས་ནས་དམར་གསོད་བཏང་བའི་ནག་ཉེས་ར་འཕྲོད་བྱུང་བར་བརྟེན། ཉེས་ཅན་པ་ལ་སྲོག་གི་ཁྲིམས་ཐག་བཅད་ཡོད་འདུག
ཁྲིམས་ཁང་དེས་ཐང་ལུའུ་ཡིས་ལྷ་མོ་བསམ་བཞིན་དུ་བསད་པ་དང་། ནག་ཉེས་དེ་ཧ་ཅང་ཚབས་ཆེ་བ་ཡིན་ཚུལ་ཕྱིར་བསྒྲགས་བྱས་ཡོད་འདུག
རྒྱལ་རོང་ནས་ཡིན་པའི་བོད་པའི་བུད་མེད་ལྷ་མོའི་རྒྱུན་དུ་བརྙན་མིག་ཐད་གཏོང་གི་སྐབས་སུ། ཡུལ་ལུང་གི་བོད་ཆས་གྱོན་གྱིན་ནས་ཁོ་མོའི་གྲོང་པ་དེའི་འཚོ་བའི་སྐོར་སྟོན་གྱིན་ཡོད་པ་ཞིག་ཡིན་འདུག
བོད་རིགས་བུད་མེད་ལྷ་མོ་གསོན་སྲེག་བཏང་བའི་གནས་ཚུལ་དེས། རྒྱ་ནག་ཏུ་བཟའ་ཚང་བར་ཚུལ་མིན་གྱི་མནར་གཅོད་གཏོང་བཞིན་པའི་དཀའ་ངལ་ལ་དོ་སྣང་ཆེན་པོ་བྱ་གཞི་ཞིག་ཆགས་ཡོད་འདུག དོན་རྐྱེན་དེ་བྱུང་བར་རྒྱ་ནག་གི་མི་མང་ཧོན་འཐོར་བ་དང་བུད་མེད་ལ་འཕྲད་བཞིན་པའི་དཀའ་ངལ་ལ་བསམ་བློའི་འགྱུར་ལྡོག་ཆེན་པོ་ཞིག་ཕྱིན་ཡོད་འདུག
དེ་ཡང་ལྷ་མོའི་སྲིང་མོ་ཞིག་གིས་བརྗོད་དོན། རྒྱ་རིགས་ཁྱོ་ག་དེས་ལོ་མང་རིང་སྡུག་པོ་གཏོང་གིན་ཡོད་པར་བརྟེན་ནས། ལྷ་མོའི་བཟོད་ཐབས་བྲལ་ནས་བཟའ་ཚང་དང་ཁ་གྱེས་རྒྱུའི་བློ་ཐག་བཅད་པ་ཞིག་ཡིན་འདུག་ལ། ཁོ་གཉིས་ལ་ཕྲུ་གུ་གཉིས་ཡོད་འདུག
ཉེ་བའི་ལོ་ཤས་ནང་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དང་བོད་ཀྱི་ས་ཁུལ་གཞན་ཁག་ཏུ་རྒྱ་རིགས་གནས་སྤོ་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། བོད་རིགས་དང་གཉེན་སྒྲིག་བྱེད་མཁན་དང་མཉམ་དུ་སྡོད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། དེ་ནི་རྒྱ་ནག་གཞུང་གིས་མི་རིགས་མཉམ་བསྲེས་བྱེད་པའི་སྲིད་ཇུས་ཤིག་ཀྱང་ཆགས་ཡོད་པ་རེད་འདུག།
གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག