༧གོང་ས་མཆོག་ཐེ་ཝན་ལ་གདན་ཞུ་དང་རྒྱ་ནག་གིས་ངོ་རྒོལ།
2016.09.14

༧གོང་ས་ཏཱ་ལའི་བླ་མ་མཆོག་ཐེ་ཝན་ནང་ཆིབས་བསྒྱུར་བསྐྱངས་འཇུག་མི་ཆོག་པ་རྒྱ་ནག་གཞུང་གིས་སྔོན་བརྡ་བཏང་འདུག
དེ་ཡང་རོ་ཡ་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ཚེས་༡༤་ཉིན་རྒྱ་ནག་གི་ཐེ་ཝན་འབྲེལ་མཐུད་ལས་ཁང་གི་མགྲིན་ཚབ་Ma Xiaoguang་ཡིས། ༧གོང་ས་མཆོག་ལ་མཚན་དམོད་ཞུས་པ་མ་ཟད། ཐེ་ཝན་ནང་གི་སྟོབས་ཤུགས་འགའ་ཤས་ཀྱིས་བོད་རང་བཙན་དོན་དུ་གཉེར་མཁན་ཁ་བྲལ་རིང་ལུགས་པ་དང་མཉམ་དུ། ངན་པ་ཁ་མཐུན་བྱས་ནས་དཀྲོག་རྐྱེན་བཟོ་ཐབས་བྱས་པ་དེས་མཚོ་ཁ་ཕན་ཚུན་གཉིས་ཀྱི་འབྲེལ་ལམ་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་རྒྱུ་ཡིན་པ་དང་། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་ཐེ་ཝན་ནང་རྣམ་པ་གང་གི་ཐོག་ནས་ཕེབས་རྒྱུར་ངོ་རྒོལ་ཡོད་ཅེས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཤིག་ཐོག་བརྗོད་འདུག
གཟའ་འཁོར་སྔོན་མའི་ནང་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་དང་། New Power Party་ཞེས་དུས་རབས་ཀྱི་སྟོབས་ཤུགས་ཅེས་པའི་ཚོགས་པའི་ཚོགས་མི་ཡིན་པ། ཡུལ་དེའི་གླུ་བ་གྲགས་ཅན་སྐུ་ཞབས་Freddy Lim་མཆོག་དང་། ཐེ་ཝན་གྱི་མང་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་Kolas Yotaka་རྣམ་གཉིས་རྒྱ་གར་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་བཅར་ཞུས་པ་མ་ཟད། ༧མགོན་པོ་གང་ཉིད་ཐེ་ཝན་ནང་ཆིབས་བསྒྱུར་སྐྱོང་གནང་ཡོང་བའི་གཞུང་འབྲེལ་སྒོ་ནས་གདན་ཞུའི་གསོལ་འདེབས་ཞུས་ཡོད་པ་རེད། ༧གོང་ས་མཆོག་གིས་ཀྱང་༧མགོན་པོ་གང་ཉིད་ཐེ་ཝན་ནང་ཆིབས་བསྒྱུར་བསྐྱངས་རྒྱུའི་ཐུགས་འདོད་ཡོད་སྐོར་བཀའ་ལན་གནང་བ་མ་ཟད། ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་༧གོང་ས་མཆོག་ཐེ་ཝན་ནང་དང་། ཐེ་ཝན་གྱི་གྲོས་ཚོགས་ནང་ག་དུས་ཆིབས་བསྒྱུར་བསྐྱངས་གནང་མཛད་པ་ཡིན་ནའི་དགའ་བསུ་ཡོད་སྐོར་གསུངས་ཡོད་པ་རེད།
རྒྱ་ནག་གཞུང་དང་དཔལ་འབྱོར་འབྲེལ་ལམ་བཟང་པོ་ཉར་ཚགས་ལ་དགའ་མོས་གནང་མཁན་ཐེ་ཝན་གྱི་སྲིད་འཛིན་མ་དབྱིངས་ཇུའི་མཆོག་གིས། ཕྱི་ལོ་༢༠༠༩་ལོར་༧གོང་ས་མཆོག་ལ་ཐེ་ཝན་མི་མང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཐེ་ཝན་ནང་ཆིབས་བསྒྱུར་བསྐྱངས་རྒྱུའི་ཆོག་མཆན་ཕུལ་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་དང་པོའི་ནང་ཐེ་ཝན་གྱི་སྲིད་འཛིན་ལ་འོས་འདེམས་རྒྱལ་ཁ་ཐོབ་པ་ལྕམ་Tsai Ing-wen་མཆོག་གིས་ད་ལྟའི་ཆར་༧གོང་ས་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་བསྐྱངས་རྒྱུའི་མཐོང་ཆེན་ཕྱག་ཁྱེར་འབུལ་ལམ་ཞུ་རྒྱུ་ཡིན་མིན་གང་ཡང་གསུངས་མིན་འདུག ཡིན་ནའི་ཐེ་ཝན་གྱི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཞིག་གིས་༧གལ་ཏེ་༧གོང་ས་མཆོག་ཐེ་ཝན་ནང་ཆིབས་བསྒྱུར་བསྐྱངས་རྒྱུའི་མཐོང་ཆན་ཞུས་པ་ཡིན་ན་ཐེ་ཝན་གཞུང་གིས་འབྲེལ་ཡོད་ཁྲིམས་དང་མཐུན་པའི་ལག་ལེན་བསྟར་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།