ཉེ་ཆར་རྒྱ་མིའི་དམག་མི་བསད་མཁན་འཚོལ་ཞིབ་བྱེད་བཞིན།
2009.03.24
༄༅༎རྒྱ་ནག་གི་ལྷོ་ཕྱོགས་ཁྲུང་ཆིང་གྲོང་ཁྱེར་ནང་གི་དམག་མིའི་སྡོད་གནས་ཀྱི་ཕྱི་ཕྱོགས་སུ་དམག་མི་ན་གཞོན་ཞིག་ལས་ཀའི་ཐོག་ཞུགས་པའི་སྐབས་མི་ཞིག་གིས་མེ་མདའ་རྒྱབ་སྟེ་དམར་གསོད་བཏང་མཁན་གྱི་བྱེད་ལྟེ་རྩད་གཅོད་ཆེད་དུ་ཁྱིམ་ཚང་མི་རེ་ངོ་རེ་ནང་འཚོལ་ཞིབ་བྱེད་བཞིན་ཡོད་པའི་སྐོར་དེ་རིང་པེ་ཅིང་ནས་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
དེ་རིང་རྒྱ་ནག་ཉིན་རེའི་ཚགས་པར་ཐོག་ལའང་གཟའ་འཁོར་སྔོན་གྱི་རེས་གཟའ་ཕུར་བུའི་ཉིན་ཁྲུང་ཆིང་གྲོང་ཁྱེར་ནང་ལོ་ན་བཅོ་བརྒྱ་ཡིན་པའི་དམག་མི་ཧན་ཅུན་ལིའང་ཟེར་བའི་བྲང་ཁོག་སྟེང་མེ་མདའ་ཐེངས་གཉིས་རྒྱབ་མཁན་གྱི་དོགས་གཞི་ཅན་རྩད་གཅོད་དང་འཛིན་བཟུང་ཐུབ་ཐབས་སུ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ལ་རྔན་པ་བྱ་དགའ་རྒྱ་མིའི་སྒོར་མོ་འབུམ་གསུམ་ཡོད་ཅེས་དྲིལ་བསྒྲགས་བྱས་ཡོད་པ་དང་རྒྱ་ནག་ཉིན་རེའི་གསར་ཤོག་དེའི་ཐོག་ལ་མིང་མེད་པའི་ཉེན་རྟོག་པའི་གནས་ཚུལ་འབྱུང་ཁུངས་ཤིག་གིས་ཐོག་མའི་དོགས་པ་བྱེད་ཡུལ་ནི་ཕལ་ཆེར་བོད་མི་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར་བཤད་ཡོད་པ་ལུང་འདྲེན་བྱས་ཡོད་པ་རེད། ཕེ་རན་སི་གསར་འགྱུར་ལས་ཁང་གིས་དོན་རྐྱེན་དེ་ཐོན་མ་ཐག་ཁྲུང་ཆིང་ས་གནས་གཞུང་ལ་རྒྱ་མིའི་དམག་མི་གསོད་མཁན་སུ་ཞིག་ཡིན་མིན་དོགས་གཞི་དང་ངོས་འཛིན་བྱེད་ཀྱི་ཡོད་མེད་སྐོར་འདྲི་རྩད་བྱེད་སྐབས་ལན་འདེབས་གང་ཡང་བྱས་མེད་ཅིང་དེ་ཡང་ཁྲུང་ཆིང་ས་གནས་གཞུང་གི་མགྲིན་ཚབ་པ་ཡིན་ཟེར་བའི་རུས་མིང་མ་ཟེར་བས་ང་ཚོར་ད་ལྟའི་ཆར་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་མེད་པ་དང་དམག་མི་གསོད་མཁན་གྱི་དོགས་གཞི་ཡོད་པའི་མི་སུ་ཡིན་པ་ཐག་གཅོད་བྱས་མེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད། དེ་བཞིན་ཁྲུང་ཆིང་གྲོང་ཁྱེར་གྱི་ས་གནས་སྤྱི་དམངས་བདེ་འཇགས་ལས་ཁང་གིས་ཀྱང་དོན་རྐྱེན་དེའི་སྐོར་ལ་ད་ལྟའི་ཆར་དེ་བྱས་དེ་མིན་གྱི་གནས་ཚུལ་གང་ཡང་བཤད་མེད་པ་རེད།