རྒྱ་ནག་གཞུང་གིས་དྲ་རྒྱའི་འཕྲིན་ལམ་ལ་དམ་དྲག་དང་བཀག་སྡོམ།
2019.06.12
རྒྱ་ནག་གཞུང་གིས་དྲ་རྒྱ་གཙང་མ་བཟོ་རྒྱུའི་ལས་འགུལ་གསར་པ་ཞིག་གི་མིང་ཐོག་དྲ་རྒྱའི་འཕྲིན་ལམ་ལ་དམ་དྲག་གིས་དྲ་གནས་མང་པོ་སྒོ་རྒྱབ་པ་དང་བཀག་འགོག་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་དྲ་རྒྱ་གཙང་མ་བཟོ་རྒྱུའི་ལས་འགུལ་གསར་པ་ཞིག་གི་མིང་ཐོག་དྲ་རྒྱར་ཞིབ་བཤེར་བྱ་རྒྱུ་དང་། ལྷག་པར་དུ་ཕྱི་རྒྱལ་གྱི་གསར་ལས་ཁང་ཁག་གི་དྲ་གནས་ཁག་བཀག་འགོག་དང་དེ་བཞིན་རྒྱ་ནག་རྒྱལ་ནང་གི་མང་ཚོགས་ཀྱི་སྤྱི་ཚོགས་དྲ་རྒྱ་བཀག་འགོག་བྱ་རྒྱུའི་ཆེད་དུ་ལས་འགུལ་གསར་པ་དེ་སྤེལ་བ་ཞིག་ཡིན་པ་ནི་མངོན་གསལ་དོད་པོ་ཡིན་ལུགས་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
དེ་ཡང་ཉེ་སྔོན་ཕྱི་ཟླ་ལྔ་པའི་ནང་། དྲ་རྒྱར་ཞིབ་བཤེར་བྱ་རྒྱུའི་ལས་འགུལ་གསར་པ་དེ་བཞིན་རྒྱ་ནག་གི་གློག་ལམ་དྲ་འབྲེལ་འཛིན་སྐྱོང་ལས་ཁང་དང་། བཟོ་ལས་རིག་རྩལ་ལས་ཁང་གཉིས་ཀྱིས་འགོ་འཛུགས་གནང་བ་ཞིག་ཡིན་འདུག འོན་ཀྱང་སྤྱི་ཚོགས་བདེ་འཇགས་ལས་ཁང་དང་། ཁྲོམ་རའི་སྟངས་འཛིན་ལས་ཁང་གཉིས་འདི་ལོའི་ལོ་མཇུག་བར་མུ་མཐུད་འདིའི་ཐད་ལས་དོན་སྒྲུབ་རྒྱུ་ཡིན་ལུགས་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ལས་ཁང་གིས་བཤད་འདུག
དྲ་རྒྱར་ཞིབ་བཤེར་ལེགས་བཅོས་གསར་པའི་ནང་། དྲ་རྒྱའི་ཐོག་ཁྲིམས་འགལ་དང་ནག་ཉེས་ཀྱི་བྱ་སྤྱོད་རིགས་བཀོད་སྤེལ་བྱ་མཁན་རིགས་ཐེར་འདོན་གྱིས་ཉེས་པ་གཏོང་རྒྱུ་དང་། དེ་བཞིན་དྲ་གནས་རིགས་ཀྱིས་རང་གི་འགན་ཁུར་ཚུལ་མཐུན་བྱ་དགོས་ཐོག་སྒེར་གྱི་གནས་ཚུལ་རྐུ་འཁྱེར་མ་ཤོར་བའི་ཉེན་སེལ་བྱ་དགོས་སྐོར་སོགས་ཡོད་འདུག
ལས་འགུལ་གསར་པ་དེ་བརྒྱུད་ནས་ཉེ་བའི་ཆར། རྒྱ་ནག་གཞུང་གིས་དྲ་རྒྱ་དང་སྒེར་གྱི་སྤྱི་ཚོགས་དྲ་གནས་མང་པོ་ཞིག་སྒོ་རྒྱབ་པ་དང་བཀག་པ་སོགས་བྱས་ཡོད་པ་རེད། དེ་བཞིན་བདུན་ཕྲག་སྔོན་མའི་གཟའ་མཇུག་ནས་བཟུང་ཨ་རིའི་གསར་ཤོག་(The Washington Post)ཞེས་པ་དང་། དབྱིན་ཇིའི་གསར་ཤོག་(The Guardian)སོགས་ཀྱི་དྲ་རྒྱ་ལྟ་ཀློག་བྱེད་མི་ཐུབ་པ་བཟོས་བ་དང་། དེ་བཞིན་རོའུ་ཀྲར་གསར་ལས་ཁང་ཡང་བཀག་འགོག་བྱས་ཡོད་འདུག
རྒྱ་ནག་གི་དཔོན་རིགས་ཚོས་བཤད་པར་གཞིགས་ན། སྔ་ལོ་ཕྱི་ཟླ་བཅུ་གཅིག་ནང་དྲ་རྒྱའི་ནང་ཚོར་བ་རྣོ་བའི་གནས་ཚུལ་བཀོད་པ་དང་། དེ་བཞིན་མ་རབས་ཐ་ཤལ་དང་། ཆབ་སྲིད་ལ་གནོད་འཚེ་དང་ཕོག་ཐུག་ཅན་གྱི་ནང་དོན་འཁོད་པའི་གསར་འགྱུར་མཁོ་སྤྲོད་བྱ་མཁན་༩༨༠༠ ཙམ་སྒོ་རྒྱབ་པ་ཡིན་ཞེས་བཤད་འདུག