རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཡི་ཤུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུར་དམ་དྲག་བྱས་ཡོད་པ།

རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཡི་ཤུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཡག་དེ་ནུབ་ཕྱོགས་པའི་དུས་ཆེན་སྲུང་བརྩིའི་ལམ་ལུགས་ཤིག་ཡིན་སྟབས་དེ་སྲུང་བརྩི་ཞུ་མ་ཆོག་པའི་དམ་དྲག་བྱས་ཡོད་པ་རེད་འདུག དེ་ཡང་རྒྱལ་སྤྱིའི་ Bitter Winter ཞེས་པའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་གནད་དོན་ཐོག་གི་བརྙན་དེབ་དེས་དང་ཐོག་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡི་ཤུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དེ་ཡུལ་དེའི་ནང་ཏོག་དབྱིབས་ནད་ཡམས་ཤུགས་ཆེ་ཁྱབ་གདལ་འགྲོ་བར་བསྙས་ཏེ་སྲུང་བརྩི་ཞུ་མ་ཆོག་པའི་དམ་དྲག་བྱས་ཡོད་ནའང་རྗེས་སུ་དེ་རྒྱ་ནག་གི་རིག་གཞུང་ཐོག་ནུབ་ཕྱོགས་པའི་ལམ་སྲོལ་དེའི་ཤུགས་རྐྱེན་མ་སླེབས་པའི་ཆེད་དམ་དྲག་བྱས་པ་ཞིག་ཡིན་པའི་སྐོར་གོང་ཞུས་ཀྱི་དྲ་རྒྱའི་གསར་ལམ་ཐོག་བཀོད་ཡོད་པ་རེད་འདུག དེ་ཡང་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡི་ཤུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུར་དམ་དྲག་གི་ཡིག་ཆ་ཞིག་འདོན་སྤེལ་བྱས་པའི་ནང་ཡི་ཤུའི་འཁྲུངས་སྐར་ཉིན་དེ་ནི་ནུབ་ཕྱོགས་པའི་ཆོས་ལུགས་ཐོག་ནས་གཏིང་གཟབ་ཀྱི་གོ་དོན་ཡོད་པ་ཞིག་ཡིན་པའི་སྐོར་དང་། ནུབ་ཕྱོགས་པའི་རྒྱལ་ཁབ་ཁག་གཅིག་གིས་རྒྱ་ནག་གི་གཞོན་སྐྱེས་ཚོའི་བློ་འགུག་ཐབས་ཆེད་འཁྲུལ་རིག་དང་རིག་གཞུང་ལ་བརྟེན་ནས་ཁོང་ཚོའི་རྩ་ཆེར་འཛིན་པའི་གོམ་སྲོལ་དང་མི་ཚེ་བསྐྱེལ་ཕྱོགས་དེ་སྤེལ་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་དང་། ཚོང་གཉེར་ལས་ཁང་ཁག་ཅིག་གིས་དུས་ཆེན་དེ་སྲུང་བརྩིའི་སྐབས་སོ་སོའི་ཚོང་མཁོས་ལས་དོན་སྤེལ་ཆེད་ཁེ་ཕན་ལེན་པ་མ་ཟད་ནུབ་ཕྱོགས་པའི་དུས་ཆེན་གྱི་འཁོར་ཡུག་ཞིག་བསྐྲུན་ཐབས་བྱེད་ཀྱི་ཡོད་པ་རེད། དེ་ནི་རྒྱ་ནག་གི་རིག་གཞུང་ལ་གནོད་འཚབ་བསྐྱེལ་གྱི་ཡོད་པ་རེད་ཅེས་གོང་ཞུས་ཀྱི་རྒྱ་ནག་གཞུང་གི་ཡིག་ཆ་དེའི་ནང་བཀོད་ཡོད་པ་རེད་འདུག ཡང་རྒྱ་ནག་གཞུང་གི་ཤེས་རིག་ལྷན་ཁང་གིས་སློབ་གྲྭ་ཁག་གི་དགེ་རྒན་དང་སློབ་ཕྲུག་རྣམས་ཡི་ཤུའི་འཁྲུངས་སྐར་དེ་སྲུང་བརྩི་ཞུ་རྒྱུར་དམ་དྲག་བྱས་ཡོད་པ་མ་ཟད་སློབ་ཕྲུག་དང་དགེ་རྒན་རྣམས་རྒྱ་ནག་གི་རིག་གཞུང་ཁྱབ་སྤེལ་བྱེད་རྒྱུར་མིག་དཔེ་སྟོན་དགོས་པའི་སྐོར་བརྗོད་ཡོད་པ་རེད་འདུག ཡིན་ནའང་རྒྱ་ནག་གཞུང་གི་ཆོག་མཆན་ཡོད་པའི་ཡི་ཤུའི་ལྷ་ཁང་ཁག་ནང་ཡི་ཤུའི་དུས་དྲན་དེ་མིག་སྟོན་ཆེད་ཕྲ་ཕྲ་ཟིང་ཟིང་ཐོག་སྲུང་བརྩི་ཞུ་ཆོག་པ་མ་ཟད་སྲུང་བརྩི་ཞུ་བ་དེ་ཡང་ཕྱི་བསྒྲགས་བྱེད་ཆོག་རྒྱུ་ཡིན་ལུགས་གོང་ཞུས་རྒྱ་ནག་གཞུང་གི་ཡིག་ཆ་དེའི་ནང་བཀོད་ཡོད་པ་རེད་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།