ཨ་ནེ་འཆི་མེད་བཙོན་བཀྲོལ་དང་ས་གནས་བོད་མིས་དགའ་བསུ།
2014.06.27

དཀར་མཛེས་ལམ་བྲག་དགོན་པའི་བཙུན་མ་སྨན་པ་འཆི་མེད་ལགས་བཙོན་བཀྲོལ་བྱུང་ནས་ཕྱིར་རང་ཁྱིམ་དུ་འབྱོར་ཡོད་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། དཀར་མཛེས་ལམ་བྲག་དགོན་པའི་བཙུན་མ་སྨན་པ་འཆི་མེད་ལགས། རྒྱ་ནག་གིས་མི་ལོ་གསུམ་རིང་བཙོན་འཇུག་རྗེས་ཟླ་བ་འདི་ཚེས་༢༥ ཉིན་གྱི་མཚན་དཀྱིལ་ལ་རྒྱ་གཞུང་གིས་བོད་མི་ཚོ་ཕེབས་བསུར་བཅར་མི་ཐུབ་པ་བཟོ་ཆེད་གསང་སྟབས་ཀྱིས་ཁོང་མོ་རླངས་འཁོར་ནང་བཞག་སྟེ་ཁྱིམ་ལ་བསྐྱལ་ཡོད་པ་རེད། འོན་ཀྱང་གནས་ཚུལ་དེ་ས་གནས་བོད་མིས་གོ་མ་ཐག་ཚེས་ ༢༦ ཉིན་ལམ་བྲག་དགོན་པའི་བཙུན་མ་རྣམས་གཙོས་པའི་ས་གནས་མི་མང་གིས་དགའ་བསུའི་ཁ་བཏགས་སྒྲོན་ཡོད་འདུག
དཀར་མཛེས་རྫོང་ཁོག་བཙན་ཁུལ་ཨ་རུ་ར་གྲོང་པ་ནས་ཡིན་པ་ཨ་ནེ་འཆི་མེད་ལགས་ནི། ༢༠༡༡ ལོར་དཀར་མཛེས་རྫོང་ཐོག་ཏུ་བོད་མི་མང་པོས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་རྗེས། འཆི་མེད་ལགས་དང་ཁོང་གི་སྨན་གཡོག་བཙུན་མ་ཆོས་དགའ་གཉིས་དཀར་མཛེས་གྲོང་ཁྱེར་ནང་ཡོད་པའི་ལམ་བྲག་སྨན་ཁང་དུ་སྐྱོད་བཞིན་པའི་ལམ་བར་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། དཀར་མཛེས་རྫོང་ནས་འཛིན་བཟུང་བྱས་ཏེ་དར་རྩེ་མདོའི་བཙོན་ཁང་ཞིག་ནང་ལོ་གཅིག་རིང་བཀག་ཉར་བྱས་ཡོད་པ་དང་། དེ་ནས་དར་རྩེ་མདོའི་ཁྲིམས་ཁང་གིས་ཁོང་མོར་ཆབ་སྲིད་ཀྱི་ཉེས་མིང་འོག་ལོ་༣ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། རྒྱ་ནག་གི་བུད་མེད་ཀྱི་བཙོན་ཁང་གཞན་ཞིག་ཏུ་ལོ་གཉིས་ལ་བཙོན་འཇུག་བྱས་མཐར་ཟླ་འདིའི་ཚེས་ ༢༥ ཉིན་བཙོན་བཀྲོལ་བཏང་ཡོད་འདུག
ཞིབ་ཕྲ་འདི་གའི་གསར་འགོད་པ་བསོད་ནམས་དབང་འདུས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།
གསར་འགོད་པ་བསོད་ནམས་དབང་འདུས།