༧གོང་ས་མཆོག་ལ་མཇལ་འཕྲད་དང་འབྲེལ། ཨ་རིའི་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གནང་འདུན་ཆེན་པོ་ཡོད་པར་སྙན་སེང་ཞུས་པ།

2022.10.27
༧གོང་ས་མཆོག་ལ་མཇལ་འཕྲད་དང་འབྲེལ། ཨ་རིའི་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གནང་འདུན་ཆེན་པོ་ཡོད་པར་སྙན་སེང་ཞུས་པ། ༸གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་གོང་མའི་ལས་བྱེད་༼Maggie Dougherty༽ལགས་དང་༼Matt Squeri༽ལགས་རྣམ་གཉིས་ཀྱི་མཇལ་ཁའི་སྐབས། ༢༠༢༢།༡༠།༢༧
OHHDL

ཨ་མི་རི་ཀའི་རྒྱལ་ས་ཁུལ་དུ་རྟེན་གཞི་ཆགས་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། སྔ་མོ་ནས་ཨ་རིའི་གྲོས་ཚོགས་ཀྱི་ལས་བྱེད་པ་ཚོ་རྒྱ་གར་རྡ་རམ་ས་ལར་བོད་མི་བཙན་བྱོལ་བའི་གནས་ཚུལ་དང་བོད་དོན་སོགས་ཡག་པོ་ཧ་གོ་དོན་རྟོགས་ཀྱི་ཆེད་དུ་གདན་ཞུས་གནང་གི་ཡོད་པ་བཞིན། ད་ལོ་ཡང་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་པ་བགྲེས་པ་Maggie Dougherty དང་། གྲོས་ཚོགས་གོང་མའི་རྒྱ་ནག་དཔྱད་ཞིབ་སྡེ་ཚན་གྱི་ཚོགས་གཙོའི་ལས་བྱེད་པ་Matt Squeriལགས་རྣམ་གཉིས་བཞུགས་སྒར་དུ་ཆེད་ཕེབས་ཀྱིས། སྤྱི་ཟླ་༡༠པའི་ཚེས་༢༧ཉིན་བཞུགས་སྒར་ཕོ་བྲང་དུ་༧གོང་ས་མཆོག་ལ་མཇལ་མོལ་དང་འབྲེལ། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ངོས་ནས་༧རྒྱལ་བའི་དགོངས་པ་གཞིར་བཟུང་། བོད་དོན་རྒྱབ་སྐྱོར་གནང་འདུན་ཆེན་པོ་ཡོད་པ་སྙན་གསན་དུ་ཕུལ་ཡོད་ཅེས། མཇལ་ཁ་ལ་མཉམ་བཅར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་གཞོན་པ་བསྟན་ཆོས་རྒྱ་མཚོ་ལགས་ནས་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བསྟན་ཆོས་རྒྱ་མཚོ་ལགས་ནས། ཨ་རིའི་གྲོས་ཚོགས་ཀྱི་ལས་བྱེད་པ་ཁོང་གཉིས་ལ་༧གོང་ས་མཆོག་ནས་བོད་དོན་ནི་བོད་མི་གཅིག་པུ་དང་འགྲོ་བ་མིའི་ཐོབ་ཐང་གཅིག་པུ་ཙམ་མིན་པར། བོད་ཀྱི་གནད་དོན་ནི་བོད་མིའི་ཆོས་དང་རིག་གཞུང་གི་ཐོག་ནས་འཛམ་གླིང་ལ་ཞབས་འདེགས་ཐུབ་ཀྱི་ཡོད་པས། དེ་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་ཡིན་པར་བཀའ་གནང་བ་འགྲེལ་བརྗོད་གནང་གི་འདུག

ཡང་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱང་ཁོང་ཚོ་དང་ལྷན། ༧རྒྱལ་བའི་ཕོ་བྲང་དུ་༧གོང་ས་མཆོག་གི་མཇལ་ཁ་ལ་བཅར་ཡོད་པར་བརྟེན། ཁོང་གིས་གྲོས་ཚོགས་གོང་མའི་ལས་བྱེད་འཐུས་མི་རྒན་པ་དེ་གཉིས་འདི་གར་ཕེབས་པ་དེ། ང་ཚོས་ཧ་ཅང་གལ་ཆེན་དང་བོད་དོན་ཐོག་ཁྲིམས་འཆར་སོགས་ཕྱག་ལས་མང་པོ་ཞིག་ཁོང་ཚོས་འགན་བཞེས་ཏེ་ད་ལྟའི་བར་གནང་བཞིན་པར་བརྟེན། འཚམས་གཟིགས་འདི་གལ་ཆེན་དུ་བརྩི་ཡི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ལས་བྱེད་རྒན་པ་Matt Squeriནི་གྲོས་ཚོགས་གོང་འོག་ཟུང་འབྲེལ་གྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ། གྲོས་ཚོགས་གོང་མའི་འཐུས་མི་Jeff Merkerlyལགས་ཀྱི་ལས་བྱེད་སློབ་སྟོན་པ་དང་། ཡང་དེའི་གོང་མང་གཙོ་ཚོགས་པའི་འཐུས་མི་ལྕམ་Heidi Heitkampལགས་ཀྱི་ལས་བྱེད་གནང་མྱོང་ཡོད་ཅིང་། ཡང་གྲོས་ཚོགས་ལས་བྱེད་པ་Maggie Doughertyལགས་ནི། གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་Jim Rischལགས་ཀྱི་ལས་བྱེད་མཐོ་གྲས་དང་། དེ་སྔོན་གྲོས་ཚོགས་འཐུས་མི་Marco Rubioདང་། མཉམ་འབྲེལ་རྒྱལ་ཚོགས་ནང་ཨ་རིའི་སྐུ་ཚབ་ཟུར་པ་Nikki Haleyཕྱི་འབྲེལ་སྲིད་ཇུས་སློབ་པའང་གནང་མྱོང་བ་དང་། ཁོང་གཉིས་བཞུགས་སྒར་དུ་ཕེབས་པ་བསྟུན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་རྣམ་གཉིས་ལ་མཇལ་འཕྲད་གནང་ཡོད་པ་མ་ཟད།གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལའང་མཇལ་འཕྲད་གནང་གཏན་ཁེལ་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎