ཞི་ཅིན་ཕིན་གྱིས་བོད་ནང་གི་དཀའ་ངལ་སེལ་ཐུབ།
2014.01.13
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་བོད་ནང་ལྷད་མེད་སྲིད་ཇུས་ལག་བསྟར་གནང་ན་བོད་ནང་གི་དཀའ་ངལ་སེལ་ཐུབ་པ་ཆེད་རྩོམ་སྤེལ་འདུག
དེ་ཡང་ཨ་རིའི་གསར་འགོད་པKerry Brwon ལགས་ཀྱིས་ཆེད་རྩོམ་སྤེལ་བའི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ས་གནས་ལ་དབང་ཆ་གང་འཚམས་སྤྲོད་པ་དང། གུང་ཁྲན་ཏང་གི་ལས་བྱེད་འབྱོན་ཐང་ཅན་དང་། ཡིད་ཆེས་འཕེར་བ་བསྐོ་གཞག་བྱེད་པ་བཅས་ནི་ཏང་གི་ཚོགས་ཆེན་གསུམ་པའི་དགོངས་དོན་ཡིན་པ་རེད། ལྷག་པར་དུ་བོད་རང་སྐྱོང་ལྗོངས་སུ་རྒྱ་ནག་དབུས་གཞུང་གིས་ཐད་ཀར་སྟངས་འཛིན་ཤུགས་ཆེ་བའི་དབང་གིས་བོད་མི་མང་ལ་མི་འདོད་པའི་དཀའ་ངལ་བཟོ་བཞིན་པ་རེད། ད་དུང་ཨ་རིའི་Boulder གཙུག་ལག་སློབ་གྲ་ཆེན་མོའི་སློབ་དཔོན་Emily ཡིས་བོད་ཀྱི་དཔལ་འབྱོར་གནས་བབ་ཉམས་ཞིབ་བྱས་བའི་ནང༌། བོད་ནང་གི་ས་གནས་ཀྱི་དཔལ་འབྱོར་འབྱུང་ཁུངས་བརྒྱ་ཆ་༨༠་ཙམ་རྒྱ་ནག་དབུས་གཞུང་གི་རོགས་རམ་ཡིན་ཡང་དེའི་ཁེ་ཕན་རྒྱ་ནག་ནས་ཡོང་བའི་རྒྱ་རིགས་ཚོས་བླངས་པ་ལས་བོད་མིར་ཐོབ་ཀྱི་མེད་པ་གསལ་རྟོགས་བྱུང་ཡོད་པ་རེད། ལྷག་པར་དུ་རྒྱ་ནག་དབུས་གཞུང་གིས་རོགས་དངུལ་རྣམས་བོད་ནང་རྒྱུན་གནས་ཐུབ་པའི་འཆར་གཞིའི་ཐོག་མ་བཏང་བར་རྒྱ་རིགས་ཀྱི་ཁེ་ཕན་འགྲུབ་རྒྱུ་གཙོ་བཟུང་བྱེད་ཀྱི་ཡོད་པ་རེད། ད་ཡོད་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་མི་མང་གི་མངོན་འདོད་འགྲུབ་ནུས་པའི་བློ་སྤོབས་ཐོག་ནས་སྲིད་ཇུས་འགྱུར་བ་གཏོང་མིན་ནི། བོད་ནང་བོད་མི་རྣམས་སྡོད་བཟོད་བདེ་བ་ཡོང་མིན་གྱི་འགག་རྩ་ཡིན་པ་རེད། ད་ལྟ་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ཐད་བོད་མི་མང་ལ་འདོད་མོས་མེད་པ་ར་འཕྲོད་གསལ་པོ་བྱུང་དང་འབྱུང་བཞིན་པ་མ་ཟད། བོད་ཀྱི་དཀའ་རྙོག་དེ་རྒྱ་ནག་གཞུང་གི་སྲིད་ཇུས་དྲང་བདེན་མ་གནང་བའི་དབང་གི་ཡིན་པར་བརྟེན། སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆང་རྣམ་པས་བོད་ནང་གི་ལྷད་མེད་ལྷག་བསམ་གྱིས་སྲིད་ཇུས་ལག་བསྟར་གནང་ན་བོད་ནང་གི་དཀའ་ངལ་སེལ་ཐུབ་ཅེས་Kerry Brown གྱིས་ཆེད་རྩོམ་སྤེལ་འདུག
གསར་འགོད་པ་ཚེ་བརྟན་རྣམ་རྒྱལ།