རྒྱལ་ཚོགས་མདུན་བོད་དོན་ལས་འགུལ་དང་འཛིན་བཟུང་།
2013.10.22

རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སྟེང་འཛེགས་ནས་བོད་དོན་ལས་འགུལ་སྤེལ་སྐབས་བདེ་འཇགས་མི་སྣས་འཛིན་བཟུང་བྱས་འདུག
དེ་ཡང་སྤྱི་ཚེས་༢༢ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁག་གཅིག་Swiss གྲོང་ཁྱེར་ཇེ་ནེ་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སྟེང་འཛེགས་ཏེ་རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་གི་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ལ་རྒྱབ་སྐྱོར་བྱེད་རོགས་ཅེས་འཁོད་པ་པའི་རས་དར་ཆེན་པོ་ཞིག་ཁང་བརྩེགས་ཀྱི་མདུན་ངོས་ལ་བཀྲམས་ཡོད་པ་རེད།
སྐབས་དེར་ཁོང་ཚོ་ལས་འགུལ་བ་གཙོ་བོ་མི་ལྔ་ཡོད་པ་དང་། དེའི་ཁོངས་ནས་ Laerke Arvedsen དང་ Luna Pedersen གཉིས་ཌེན་མརཀ་མི་རིགས་ཡིན་ཞིང་། དབྱིན་ཡུལ་ནས་ཡིན་པ་ Chris Borcklehurst དང་ Phil Kirk བཅས་མི་བཞི་རྒྱལ་ཚོགས་ཀྱི་བདེ་འཇགས་མི་སྣས་འཛིན་བཟུང་བྱས་འདུག གཞན་ལས་འགུལ་བ་སི་སུད་ནང་གནས་སྡོད་ཡོ་རོབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པ་འཆི་མེད་གནས་ལུང་འཛིན་བཟུང་བྱས་མེད་པ་ལས་འགུལ་གོ་སྒྲིག་པ་ཚོས་བཤད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་མ་ Corinne Momal-Vanian ལགས་ཀྱིས་ང་ཚོའི་བདེ་འཇགས་མི་སྣས་ལས་འགུལ་སྤེལ་མཁན་གྱི་མི་ཚོར་གནད་དོན་འདྲི་ཞིབ་བྱེད་བཞིན་པ་ཡིན། རྒྱལ་ཚོགས་ཀྱི་བདེ་འཇགས་མི་སྣས་ཁོང་ཚོ་བཙོན་འཇུག་བྱ་རྒྱུའི་དབང་ཚད་མེད་ཀྱང་། འདྲི་ཞིབ་བྱས་པའི་རྗེས་ང་ཚོས་ཁོང་ཚོ་གློད་གྲོལ་གཏོང་རྒྱུ་དང་ཡང་ན་Swiss ཉེན་རྟོག་པར་རྩིས་སྤྲོད་བྱེད་དགོས་མིན་ཐག་གཅོད་བྱེད་རྒྱུ་ཡིན་ཚུལ་གསུངས་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་པ་མང་པོ་ཞིག་གིས་འདི་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་འོས་འདེམས་བྱེད་པའི་སྐབས་ཚོགས་མིའི་ཁོངས་སུ་རྒྱ་ནག་སླེབས་རྒྱུ་འགོག་ཐབས་བྱེད་བཞིན་ཡོད་པ་རེད།