༸གོང་ས་མཆོག་ལ་ཚོགས་ཆེན་གྱི་སྙན་ཐོ་ཕུལ།
2011.05.25

༄༅༎ཕྱི་ཟླ་༥ཚེས་༢༥རེས་གཟའ་ལྷག་པའི་ཉིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་དེ་བཞིན་བཞུགས་སྒར་རྡ་རམ་ས་ལར་ཉིན་གྲངས་བཞིའི་རིང་ཚོགས་གནང་ཡོད་པ་དང༌། ཚོགས་བཅར་བ་རྣམས་ཚོགས་ཆུང་བཅུ་ལ་བགོས་འགྲེམས་གནང་སྟེ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཀྱི་ནང་དོན་སྐོར་བགྲོ་གླེང་གནང་བའི་མཐར་སྤྱི་མོས་བྱུང་བའི་དགོངས་འཆར་ཕྱོགས་བསྡོམས་ཀྱི་སྙན་ཐོ་ཞིག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་གནང་ཡོད་པ་རེད། ཚོགས་ཆུང་བདུན་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨིན་ཇིའི་རྒྱལ་པོ་འམ་རྒྱལ་མོ་ལྟར་བོད་རྒྱལ་ཁབ་ཀྱི་དབུ་འཁྲིད་ཀྱི་མཚན་གནས་བཞེས་དགོས་རྒྱུའི་རྒྱབ་གཉེར་ཞུས་ཡོད་ཅིང༌། ༸གོང་ས་མཆོག་གིས་རྒྱལ་ཁབ་ཀྱི་དབུ་འཁྲིད་ཀྱི་མཚན་གནས་བཞེས་རྒྱུའི་གསོལ་འདེབས་ལ་ཞལ་བཞེས་གནང་མེད་ནའང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པས་གོང་འབུལ་ཞུས་པའི་ཕྱོགས་སྡོམ་སྙན་ཐོ་དེར་ཐུགས་ཞིབ་གནང་རྒྱུ་ཡིན་སྐོར་བཀའ་གནང་བ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎