གཞུང་ཞབས་ཡིག་རྒྱུགས་ཀྱི་དྲི་ཤོག་རྒྱ་ཡིག་ཐོག་ནས་གཏོང་དགོས།

རྒྱ་ནག་གི་ ༢༠༢༥ ལོའི་རྒྱལ་ཡོངས་གཞུང་ཞབས་པའི་ཡིག་རྒྱུགས་ཀྱི་ཆེད་སྙན་ཞུ་འབུལ་མཁན་ནང་ས་ཡ་གསུམ་དང་བཞི་འབུམ་ལྷག་བྱུང་ཡོད་པ་ནི་དེ་སྔ་བྱུང་མྱོང་མེད་པའི་གྲངས་འབོར་ཞིག་ཡིན་པ་དང་། ལྷག་པར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་འགྲན་རྩོད་ཆེ་ཤོས་ཤིག་ཆགས་ཡོད་ཅིང་། གཞུང་ཞབས་ཡིག་རྒྱུགས་ཀྱི་དྲི་ཤོག་རྒྱ་ཡིག་ཐོག་ནས་གཏོང་དགོས་པས་བོད་མི་མཉམ་ཞུགས་བྱེད་མཁན་ཚོར་གོ་སྐབས་ཧ་ཅང་ཉུང་ཉུང་ཡིན་པ་མ་ཟད། སྤྱིའི་ཆ་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་ཁག་གི་ལས་བྱེད་བརྒྱ་ཆ་ ༩༠ རྒྱ་རིགས་ཀྱིས་བཟུང་གི་ཡོད་པ་སོགས་བོད་ནང་ནས་འགྲེལ་བརྗོད་བྱས་པ་བྱུང་ཡོད་ལ། དེ་བཞིན་ཡང་རྒྱ་ནག་གཞུང་གིས་མཐོ་རིམ་སློབ་གྲྭར་ཞུགས་རྒྱུའི་མཐོ་རྒྱུགས་ནང་བོད་ཡིག་གདམ་ཁའི་ཁོངས་སུ་བཞག་པ་དེས་ཁྱིམ་བདག་ཚོར་སེམས་འཚབ་ཡོང་གི་ཡོད་པ་བོད་ནང་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཝར་ན་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བོད་ཡིག་སྡེ་ཚན་གྱི་འགན་འཛིན་རྒན་ལྷག་པ་ཚེ་རིང་ལགས་དང་ལྷན་བོད་ནང་མཐོ་རྒྱུགས་དང་གཞུང་ཞབས་འདེམས་རྒྱུགས་ཀྱི་ནང་བོད་ཡིག་བཀོལ་སྤྱོད་མི་བྱེད་པ་སོགས་ཀྱིས་བོད་ཀྱི་སྐད་ཡིག་གི་རིན་ཐང་ལ་ཕན་སྣོད་འབྲེལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།