པར་རིས་བརྒྱུད་བོད་དོན་དྲིལ་བསྒྲགས།
2013.12.30

བོད་ཀྱི་འགྲེམས་སྟོན་ཁང་གིས་རྒྱ་གར་ལྷོ་ཕྱོགས་རྟ་མོལ་ན་ཐོ་མངའ་སྡེ་ཁུལ་དུ་པར་རིས་འགྲེམས་སྟོན་བྱས་ནས་བོད་དོན་དྲིལ་བསྒྲགས་བྱས་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་
འགྲེམས་སྟོན་ཁང་གིས། རྒྱ་གར་ལྷོ་ཕྱོགས་Tamilnadu མངའ་སྡེའི་
Aurovilleགྲོང་ཁྱེར་ནང་ཕྱི་ཚེས་༢༦ནས་༢༩བར་གྱི་ཉིན་བཞིའི་རིང་པར་རིས་
འགྲེམས་སྟོན་ཞིག་གོ་སྒྲིག་གནང་ཡོད་འདུག པར་རིས་འགྲེམས་སྟོན་བརྗོད་གཞི་གཉིས་ལ་ཆ་བགོས་གནང་སྟེ། བོད་པའི་བཙན་བྱོལ་གྱི་མི་ཚེ་དང། བོད་ནང་རང་ལུས་མེར་བསྲེག་གི་གནད་དོན་གཉིས་པར་རིས་ལམ་ནས་སྟོན་ཐབས་གནང་ཡོད་ཅིང། འགྲེམས་སྟོན་དེར་ཡུལ་སྐོར་སྤྲོ་འཆམ་པ་དང་། ཨོ་རོ་ཝེ་ལེ་ས་གནས་མི་མང་༧༠༠ལྷག་ཕེབས་འདུག འགྲེམས་སྟོན་དང་པོ་དེ་བོད་མི་ཚོ་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་སྟངས་ཡིན་པ་དང་། དེའི་ནང་༧གོང་ས་མཆོག་གི་དབུ་ཁྲིད་འོག་བོད་པ་མི་རབས་བགྲེས་པ་ཚོས་བཙན་བྱོལ་སྤྱི་ཚོགས་ནང་བོད་པའི་ཆོས་དང་། རིག་གཞུང་། སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་བ་དང་ཆབས་ཅིག་མིའི་ལུང་པར་རྒྱུན་གནས་ཐུབ་པའི་དམངས་གཙོའི་ལམ་སྲོལ་གོང་འཕེལ་བཏང་སྟངས་སྐོར་གྱི་པར་རིས་འགྲེམས་སྟོན་གནང་བ་དང་ཆབས་ཅིག་རྒྱ་གར་གཞུང་དང་མི་མང་གཉིས་ནས་འདས་པའི་ལོ་ངོ་༥༠ལྷག་ཙམ་རིང་བོད་མི་ཚོར་གང་ཅིའི་རྒྱབ་སྐྱོར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུར་དམིགས་ཐབས་བྱས་འདུག
འགྲེམས་སྟོན་ཁག་གཉིས་པ་དེ་གཞིས་ལུས་བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་དགོས་དོན་ཇི་ཡིན་ཞེས་པའི་བརྗོད་གཞིའི་འོག། བོད་ནང་བོད་མི་མང་པོ་ཞིག་གིས་རང་ལུས་མེ་བསྲེགས་ཀྱི་གནས་ཚུལ་བསྟུད་མར་བྱུང་བཞིན་པའི་རྒྱབ་ལྗོངས་གནས་ཚུལ་ངོ་སྤྲོད་གནང་རྒྱུའི་ཐབས་ཤེས་གནང་འདུག
བོད་ཀྱི་འགྲེམས་སྟོན་ཁང་གིས་པར་རིས་དང་། བརྙན་པར་ཀྱི་འགྲེམས་སྟོན་དེ་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་ལ་དེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་འབྲེལ་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱི་བྱ་བ་དེ་ལྟ་བུ་བྱེད་དགོས་དོན་ནི་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་དང། བོད་ཀྱི་ཁོར་ཡུག་དང་རིག་གཞུང་ལ་ཚབས་ཆེའི་གནོད་སྐྱོན་གཏོང་གི་ཡོད་པའི་གནས་ཚུལ་དེ་ཚོ་འགྲེལ་བཤད་གསལ་པོ་སྐྱོན་ཐབས་གནང་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།