༸གོང་ས་མཆོག་ལ་ཨུ་རུ་སུའི་སྨན་དཔྱད་ཁང་ཞིག་གིས་གཟེངས་རྟགས་ཞུག་འབུལ་ལམ་ཞུས་འདུག
2016.01.31

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨུ་རུ་སུའི་ནང་ཡོད་པའི་སྨན་དཔྱད་ཁང་ཞིག་གིས་ཨ་རུ་སུ་དོན་གཅོད་ཁང་བརྒྱུད་ནས་གཟེངས་རྟགས་ཞིག་འབུལ་ལམ་ཞུས་འདུག སྨན་གྱི་བསྟི་གནས་ཁང་དེའི་གསལ་བསྒྲགས་ནང་འཁོད་པར་གཞིགས་ན།ད་ལམ་༸གོང་ས་མཆོག་གིས་བོད་ཀྱི་གསོ་བ་རིག་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་མཛད་འཕྲིན་བསྐྱངས་པར་གཟེངས་རྟགས་ཕུལ་བ་ཡིན་ལུགས་བཀོད་ཡོད་པ་རེད།གཟེངས་རྟགས་འབུལ་མིའི་ཚོགས་ཆུང་ཁོངས་སུ་འགན་འཛིན་ Dugarov Biliktoདང༌། སྨན་པ་Badmaeva Elenaསོགས་ཡོད་པ་རེད། ༸གོང་སམཆོག་ལ་ཕུལ་བའི་གཟེངས་རྟགས་དེ་ནི།དངུལ་གྱི་རྟགས་མར་རིན་ཆེན་དང་པོ་གསེར་རྩི་བཏང་ཡོད་ཅིང་།ཨ་རུ་སུའི་རྒྱལ་དར་གྱི་རི་མོ་བཀོད་པའི་དབུས་སུ་སངས་རྒྱས་སྨན་ལྷའི་སྐུ་འདྲ་བཞེངས་ཡོད་པ་རེད།དེ་བཞིན་Buryatམི་རིགས་ཡིན་པ་འབུར་གཟུགས་བཟོ་བཀོད་པ་སྙན་གྲགས་ཅན་Dashi Namdakovལགས་ཀྱིས་བཞེངས་པའི་སྟོན་པ་ཆུང་ཆུང་ཞེས་མཚན་གསོལ་ཞུས་ཞིང༌།དེའི་མཚོན་དོན་འགྲེལ་བརྗོད་གནང་བ་ནི།༸གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་ཆུང་ངུའི་དུས་སུ་གངས་སེང་ལ་གཞོན་པ་བཟོ་བཀོད་གནང་ཡོད་པས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་གངས་ཅན་བོད་གཉིས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་མཚོན་གྱི་ཡོད་པ་རེད།༸གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་ལ་འཚམས་འདྲི་ཞུས་ཤིང་།མགོན་པོ་གང་ཉིད་སྐུ་གེགས་ཕྲ་མོས་མ་རེག་པར་ཐུགས་ཀྱི་བཞེད་དགོངས་མ་ལུས་པ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུས་འདུག ཨུ་རུ་སུའི་སྨན་གྱི་བསྟི་གནས་ཁང་གི་སྨན་པ་རྣམས་དངུས་སུ་བཞུགས་སྒར་དྷ་རམ་ས་ལར་བཅར་ནས་གཟེངས་རྟགས་འབུལ་ལམ་ཞུ་རྒྱུའི་འདུན་པ་ཡོད་ཀྱང་གང་ཅིའི་དཀའ་ངལ་འོག་དེ་ལྟར་ཡོང་ཐབས་བྲལ་སྟབས།རྒྱལ་ས་Moscowརུ་རྟེན་གཞི་བྱེད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་བརྒྱུད་ནས་གཟེངས་རྟགས་འབུལ་ཞུས་པ་སོགས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་བཀོད་འདུག།