༧གོང་ས་མཆོག་གིས་སེར་སྨད་ཆོས་རྭ་དབུ་འབྱེད་སོགས་ཀྱི་མཛད་རིམ།


2017.12.21
༸གོང་ས་མཆོག་ནས་རྟེན་འབྲེལ་བསྟོད་པའི་གསུང་ཆོས་སྩལ་བ། སེར་སྨད་གྲྭ་ཚང་གི་ཆོས་ར་གསར་བ་ལེགས་གྲུབ་ཀྱི་མཛད་སྒོར་དབུ་བཞུགས་མཛད་རྗེས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་བཀའ་དྲིན་སྩལ་ཡོད་པ།
བོད་མིའི་སྒྲིག་འཛུགས།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སེར་སྨད་གྲྭ་ཚང་གི་ཆོས་རྭ་དང་ཚན་རིག་ལྟེ་གནས་ཁང་དབུ་འབྱེད་རབ་གནས་མཛད་ཐོག། རྗེ་རིན་པོ་ཆེས་མཛད་པའི་རྟེན་འབྲེལ་བསྟོད་པའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་བསྩལ་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས།  གདན་ས་གྲྭ་ཚང་ཁག་གིས་གཙུག་ལག་ཁང་དང་ཆོས་རྭ་ལ་སོགས་པ་ཕྱིའི་འཛུགས་བསྐྲུན་ཡར་རྒྱས་ཆེན་པོ་གཏོང་བཞིན་ཡོད་པ་ལྟར་བསླབ་པ་སློབ་གཉེར་ཐད་འཐུས་ཤོར་མི་འགྲོ་བ་དགོས་པ་ལས། བོད་ཀྱི་གཏམ་དཔེར་གཟི་བརྗིད་ཁོགས་སྟོང་ཞེས་པ་དེ་ཆགས་རྒྱུ་མེད་པའི་སྐོར་བཀའ་གནང་འདུག
ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས།  བོད་མི་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་ནས་ཡང་དུ་བཀའ་གནང་པ་ལྟར་འདབ་གཤོག་གཉིས་ལྡན་གྱི་ནང་པ་ཞིག་བྱེད་རྒྱུ་གལ་ཆེ་ཡིན་པའི་སྐོར་གསུངས་པ་དང་། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། ནང་ཆོས་ནི་འཛམ་གླིང་ནང་གི་གཅེས་ནོར་ཞིག་ཡིན་པས། བཤད་སྒྲུབ་ཀྱི་ལྟེ་གནས་ཁག་གི་དགེ་འདུན་པ་རྣམ་པས་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་གཅེས་ནོར་དེ་མི་ཉམས་རྒྱུན་འཛིན་མུ་འཐུད་གནང་གལ་ཆེ་བ་གསུངས་འདུག
ཡང་མཛད་སྒོའི་ཐོག་ཆེད་ཕེབས་གནང་པ་རྒྱ་གར་གྱི་བླ་ཆེན་ Nimala Ananda Mahaswami མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་འགྲོ་བ་རྣམས་ཐར་པའི་ལམ་དུ་འདྲེན་པར་མཛད་རྒྱུར་བྱང་ཆུབ་ཀྱི་ཐུགས་འཁྲུངས་པ་ཞིག་ཡིན་པས་ང་ཚོ་མི་རྣམས་ཀྱིས་ཁོང་ལ་བཀྲིན་རྗེས་དྲན་ཞུ་དགོས་ཀྱི་རེད་ཅེས་གསུངས་འདུག
སང་ཉིན་ཕྱི་ཚེས་ ༢༢ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོར་གནས་གཟིགས་དང་། དེ་རྗེས་གྲུབ་དབང་པད་ནོར་རིན་པོ་ཆེ་ཞིང་གཤེགས་དེ་ཉིད་ཀྱི་ཕྱག་བཏབ་པའི་སྔ་འགྱུར་རྣམ་གྲོལ་གླིང་གྲྭ་ཚང་གི་བསླབ་པ་མཐར་སོན་གྱི་མཛད་སྒོའི་དབུ་མགོན་དུ་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག།   
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎