བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་༦༠འཁོར་བའི་དུས་སྟོན།
2019.10.29

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་༦༠ཁོར་བའི་དུས་སྟོན་ཐོག་བཀའ་སྩལ་གནང་མཛད་སོང་། བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་དྲུག་བཅུ་འཁོར་བ་དང་། རྒྱལ་སྤྱའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོའི་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་འགྱུར་བསྐྱང་གནང་གིས་སྔོན་གྱི་ཆོས་རྒྱལ་ཚོས་བོད་མི་རིགས་རང་ཉིད་རྣམ་པ་མཚོན་པའི་རིག་གཞུང་དང་སྐད་ཡིག་བཟོས་ཡོད་པ་དེ་མུ་མཐུད་གཅེས་འཛིན་བྱས་པ་དེས་ད་ཆ་འཛམ་གླིང་ནང་ཆེ་མཐོང་བསླེབས་པ་འདིས་བོད་དོན་ནག་གསུབ་གཏོང་ཐུབ་ཐབས་མེད་པ་ཞིག་ཆགས་ཡོད་པ་བཀའ་སྩལ་གནང་མཛད་སོང་། བོད་སྐྱི་ཟློས་གར་དེ་ཡང་རིག་གཞུང་གིས་ཆ་ཤས་ཤིག་ཆགས་ཡོད་སྟབས་མི་ཐོག་འགྱུར་བ་ཕྱིན་ཡོད་ཀྱང་མི་རབས་རྗེས་མ་ཚོས་མུ་མཐུད་བདག་ཉར་བྱས་པར་བསྔགས་བརྗོད་ཡོད་ཅེས་བཀའ་ཕེབས་སོང་ལ་། བོད་ཀྱི་གནད་དོན་འདི་བདེན་པའི་གནད་དོན་ཞིག་ཡིན་སྟབས་མཐའ་གསལ་གྱི་རེད་ཅེས་བཀའ་སྩལ་གནང་མཛད་སོང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀྲིན་ལ་བརྟེན་ནས་བཙན་བྱོལ་བོད་མིའི་གནས་སྟང་འདི་གཞན་དང་མི་འདྲ་བ་ཞིག་ཆགས་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུངས་གནང་སོང་། སྐབས་དེར་བོད་ཀྱི་ཟློ་གར་ཚོགས་པའི་འགན་འཛིན་ངག་དབང་ཡོན་ཏན་ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་མཆོག་གིས་བཀྲིན་ལ་བརྟེན་ནས་ཕྱི་༡༩༥༩ ལོར་བོད་ཀྱི་ཟློས་གར་ཚོགས་པ་བཙུགས་ནས་ད་བར་གྱི་ལས་བསྡོམས་སྙན་སྒྲོན་གནང་སོང་བ་དང་། བོད་ཀྱི་ཟློས་གར་ཚོགས་པས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀྲིན་རྗེས་དྲན་མཚོན་ཕྱིར་སྐུ་རྒྱུ་རིན་ཆེན་སྣ་ཚོགས་ལས་འགྲུབ་པའི་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་པ་གསང་བདག་རྔོན་པའི་སྣང་བརྙན་ངོ་མཚར་ཅན་ཞིག་གཟེངས་རྟགས་སུ་འབུལ་ལམ་ཞུས་ཏེ། བཀའ་ཁྲི་ཟུར་པ་སློབ་དཔོན་ཟམ་གདོང་རིན་པོ་མཆོག་གིས་ལྗགས་རྩོམ་གནང་བའི་བསྟོད་ཚིག་ཐོག་མཆོད་པའི་སྟོད་དབྱངས་འབུལ་གནང་སོང་།།