༸གོང་ས་མཆོག་ནས་ལམ་རིམ་ཆེན་མོའི་བཀའ་ཆོས་ཉིན་གསུམ་པ།
2013.12.27
༄༅༎ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༧དང་བོད་ཟླ་༡༠པའི་ཚེས་༢༥ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ལྷོ་ཕྱོགས་སུ་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་ཉིན་གསུམ་པའི་སྐབས། དད་ལྡན་ཆོས་བ་རྣམས་ལ་དེ་རིང་རྗེ་ཙོང་ཁ་པ་ཆེན་པོ་མཆོག་གི་དགོངས་རྫོགས་ཀྱི་དུས་ཚོད་ཁྱད་པར་ཅན་གྱི་ཉིན་མོ་འདིར། རྗེ་རིན་པོ་ཆེ་མཆོག་གི་རྣམ་ཐར་རྗེས་སུ་དྲན་པའི་སྒོ་ནས་རྗེས་དྲན་ཞུ་བ་ཡིན་ན་ཡག་ཤོས་རེད་ཅེས་བཀའ་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས༎
>>> ཡིག་ཐོག་གསར་འགྱུར།
དགེ་ལྡན་ལུགས་བཟང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་བསླབ་པ་མཐར་སོན་པའི་དགའ་སྟོན་ཐེངས་དགུ་པའི་རྟེན་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོར་༧གོང་ས་མཆོག་དབུ་བཞུགས་ཐོག ཕྱི་ལོ་༢༠༠༨དང་ ༢༠༠༩ ༢༠༡༠བཅས་འཛིན་རིམ་ཁག་གསུམ་གྱི་སློབ་གཉེར་བ་རྣམས་ཀྱིས་ལོ་ངོ་༢༣རིང་སློབ་གཉེར་མཐར་ཕྱིན་གནང་སྟེ། བསླབ་པ་མཐར་ཕྱིན་པའི་དགེ་བཤེས་ལྷ་རམས་པ་མི་གྲངས་༡༥༠ཡོད་པ་རྣམས་ལ་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་ཕྱག་འཁྱེར་བསྩལ་རྗེས་བཀའ་སློབ་སྩལ་ཡོད་པའི་ནང་རྒྱུགས་སྤྲོད་ཀྱི་ཕྱག་འཁྱེར་བཞེས་མཁན་ཁྱེད་རྣམ་པས་ལོ་མང་རིང་དཀའ་ལས་བརྒྱབ་ནས་རྩ་བ་བློ་འཛིན་གནང་བ་དང་། ཁྱེད་ཚོས་སློབ་གཉེར་བྱས་པ་དེ་དག་ནི་ནང་དོན་རིག་པ་ཆགས་ཡོད། ནང་དོན་རིག་པའི་དོན་ཞིབ་ཚགས་ངང་གཏན་ལ་འབེབས་རྒྱུར་ཚད་མ་རིག་པར་ཐུག་གི་ཡོད། དེ་བཞིན་གཞུང་གི་ཚིག་དང་གོ་བ་ཡག་པོ་ཡོང་རྒྱུར་སྒྲ་རིག་པ་དེ་དག་ཀྱང་འབྲེལ་བ་ཆགས་ཀྱི་ཡོད་ཅེས་དང་། ད་དུང་༧གོང་ས་མཆོག་གིས། དེང་སྐབས་བོད་ནང་ཡོད་པའི་དུས་དང་མི་འདྲ་བར་འཛམ་གླིང་གང་སར་སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་པ་ཞིག་སླེབས་ཀྱི་ཡོད། འདི་ལྟ་བུའི་སྐབས་འདིར་རིས་སུ་མ་ཆད་པའི་སྐྱེ་འགྲོར་ཞབས་འདེགས་ཕྲ་མོ་ཞིག་ལས་མེད་ཀྱང་བསྒྱུབ་ཐུབ་པའི་སེམས་ཤུགས་སྐྱེས་དགོས། དེ་ལྟར་བྱུང་ན་མི་མང་པོ་ཞིག་གིས་མི་ཚེའི་ནང་བསམ་བློ་གཏོང་སྟངས་གུ་ཡངས་ཏུ་ཕྱིན། དེའི་ཚོད་ཀྱི་མི་ཚེའི་ནང་དཀའ་ངལ་འཕྲད་སྐབས་སེམས་ནང་དེ་ཙམ་གྱི་དངངས་སྐྲག་དང་། རང་ཤི་རྒྱག་དགོས་མིན་འགྲོ་སྙམ་པའི་བསམ་ཚུལ་དེ་འདྲ་མི་ཡོང་བར་ཏན་ཏན་ཁྱད་པར་ཡོད་ཅིང་། དོ་བདག་སོ་སོར་དེ་ལྟ་བུའི་ཁ་ཡོད་ལག་ཡོད་ཐོག་ལ་ཕན་ཐོག་ཡོང་རྒྱུ་ཞིག་མཐོང་སྐབས། དེའི་འབྱུང་རྩ་དེ་བོད་གངས་ཅན་ལྗོངས་ཀྱི་རྒྱ་བའི་བསྟན་པའི་ཐོག་ནས་ཡོང་གི་ཡོད་པ་ཞིག་མཐོང་དུས་རང་བཞིན་གྱིས་བོད་ཀྱི་ཆོས་དང་། རིག་གཞུང་ལ་མཐོང་དང་། རྒྱུ་མཚན་མཐོང་བའི་ཐོག་ནས་དགའ་ཞེན་བྱེད་རྒྱུ་ཞིག་ཡོང་གི་རེད། དེས་བོད་སྤྱི་པའི་དོན་ལའང་ཕན་གྱི་ཡོད་པ་སོགས་བཀའ་སློབ་སྩལ་འདུག
གསར་འགོད་པ་འཆི་མེད།