ཆོས་ལུཊ་མཐུན་སྒྲིལ་ནི་འཛམ་གླིང་ཞི་བདེའི་རྒྱུ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན།
2016.12.31

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་རྒྱབ་གནས་མཆོག་རྡོ་རྗེ་གདན་དང་ཉེ་འཁོར་རྒྱ་གར་གྱི་མཐོ་སློབ་ཁག་གི་སློབ་ཕྲུག་ཁག་གཅིག་ལ་ཆོས་ལུགས་མཐུན་བསྒྲིལ་ནི་འཛམ་གླིང་ཞི་བདེའི་རྒྱུ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད།
རྡོ་རྗེ་གདན་ཆོས་ལུགས་མཐུན་བསྒྲིལ་ཚོགས་པས་གཙོ་བོ་གོ་བསྒྲིག་ཞུས་པའི་ཤེས་རབ་དང་སྙིང་རྗེ་ཞེས་པའི་བརྗོད་གཞིའི་སྒོ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སློབ་ཕྲུག་ཉི་སྟོང་སྐོར་དང་དགེ་ལས་སོགས་ལ་བླང་དོར་གྱི་བཀའ་སློབ་བསྩལ་གནང་མཛད་སྐབས། བྱམས་པ་དང་སྙིང་རྗེ་སོགས་ནི་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་ཚང་མའི་ཐོུང་གི་བསླབ་བྱ་ཡིན་པ་དང་། ཆོས་ལུགས་ཚང་མའི་དམིགས་ཡུལ་གཙོ་བོ་ཞིག་ནི་མི་བཟང་པོ་ཞིག་བཟོ་ཐབས་བྱ་རྒྱུ་དེ་ཡིན་པ་བཀའ་གནང་ཞིང་། ད་དུང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་དངོས་པོའི་གནས་ལུགས་གཙོ་བོར་བཟུང་བའི་དེང་དུས་ཤེས་ཡོན་ལམ་ལུགས་ཀྱི་ཐོག་ནས་མི་བཟང་པོ་ཞིག་བཟོ་ཐུབ་རྒྱུ་ཁག་པོ་ཡིན་པ་དང་། མི་བཟང་པོའམ་ཞི་བདེ་ལྡན་པའི་མི་ཞིག་བཟོ་རྒྱུ་ནི་ནང་སེམས་ཀྱི་གནས་ལུགས་ལ་སློབ་སྦྱོང་བྱེད་པའི་ཐོག། བྱམས་པ་དང་སྙིང་རྗེ། འཇིག་རྟེན་ཀུན་ཁྱབ་ཀྱི་བསམ་བློའི་འདུ་ཤེས་ལྡན་པའི་ཐོག་ནས་ཡོང་དགོས་པ་བཀའ་གནང་ཡོད་པ་རེད། ཡོན་ཏན་འདི་དག་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཆོས་ཁས་ལེན་དང་མི་ལེན་སུ་ཡིན་ཡང་ཉམས་ལེན་བྱེད་ཆོག་པ་དང་བྱེད་ཐུབ་པ་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད། ཡང་སློབ་ཕྲུག་ཚོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནང་སེམས་ཀྱི་ཞི་བདེ་སྒྲུབ་ཐབས་དང་། མི་ཚེ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་ཐབས་སོགས་ཀྱི་གནད་དོན་ཐད་དགོངས་བསྐོར་བཀའ་འདྲི་ཞུས་ཡོད་པ་རེད།
ད་རེས་ཀྱི་བཀའ་སློབ་གསུང་བཤད་གོ་སྒྲིག་གནང་མཁན་རྡོ་རྗེ་གདན་གྱི་ཆོས་ལུགས་མཐུན་བསྒྲིལ་ལྷན་ཚོགས་ཀྱིི་དྲུང་ཆེས། དུས་རབས་འདི་བཟང་པོ་ཞིག་འབྱུང་མིན་ནི་ལོ་ན་གཞོན་པ་ཚོར་རག་ལུས་པ་ཡིན་པས། གཞོན་ནུ་ཚོའི་སེམས་ནང་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁུར་ཡོད་པ་ཞིག་བཟོ་རྒྱུར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལས་ལྷག་པ་མེད་པས་ད་རེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བླང་དོར་གྱི་བཀའ་སློབ་གཟབ་མོ་ཕེབས་པ་དང༌། སློབ་ཕྲུག་ཚོས་ཀྱང་དོ་སྣང་ཆེན་པོས་བཀའ་སློབ་ཞུས་པ་དེས་སེམས་ནང་བག་ཆགས་ཆེན་པོ་ཞིག་བསྐྲུན་ཡོད་པར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་བཀའ་གནང་ཡོད་པ་རེད།
རྒྱ་གར་སློབ་ཕྲུག་ཚོའི་བཀའ་སློབ་གསུང་བཤད་གྲུབ་རྗེས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྙིང་དགོན་སྔ་འགྱུར་ཐུབ་བསྟན་བཤད་སྒྲུབ་ཆོས་འཁོར་དར་རྒྱས་གླིང་དུ་ཆིབས་བསྒྱུར་གྱིས་དགོན་པ་དེ་གསར་བཞེངས་ལེགས་གྲུབ་ཀྱི་རྟེན་འབྲེལ་གྱི་མཛད་སྒོའི་དབུ་མགོན་དུ་ཞབས་སོར་འཁོད་གནང་མཛད་ཅིང་། དེའི་གོང་ཉིན་གུང་ལྗགས་སྨིན་གྲུབ་མཚམས་བོད་ནས་གསར་དུ་འབྱོར་ཞིང་། རྒྱ་ནག་གཞུང་གིས་དམ་དྲག་གི་གནོན་ཤུགས་འོག་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་མ་ཐུབ་པར་བོད་དུ་ཕྱིར་ལོག་བྱ་མཁན་བོད་མི་ཚོགས་ཁག་གཅིག་ལ་མཇལ་ཁ་དང་བླང་དོར་གྱི་བཀའ་སློབ་བསྩལ་གནང་མཛད་ཡོད་པ་རེད།
གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་ཆེད་འབྱོར་མཁན་ཉིན་རེ་ནས་མི་འབོར་ཇེ་མང་དུ་འགྲོ་བཞིན་འདུག།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།