ནད་ཡམས་སྨན་བཅོས་ཆེད་སྲོལ་རྒྱུན་གྱི་སྨན་གཞུང་དང་དེང་དུས་ཀྱི་སྨན་གཉིས་ཟུང་འབྲེལ་བཀོལ་འོས། ༧གོང་ས་མཆོག་གིས།


2020.08.25
སྤྱི་ནོར་༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བཀའ་སློབ་སྩལ་སྐབས། ༢༠༢༠།༨།༢༥ སྤྱི་ནོར་༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བཀའ་སློབ་སྩལ་སྐབས། ༢༠༢༠།༨།༢༥
OHHDL

ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་སྨན་བཅོས་ཆེད་སྲོལ་རྒྱུན་གྱི་སྨན་གཞུང་འདྲ་མིན་དང་དེང་དུས་ཀྱི་སྨན་ཟུང་འབྲེལ་གྱིས་བཀོལ་སྤྱོད་གནང་འོས་པ་༧གོང་ས་མཆོག་གིས་བཀའ་སྩལ་འདུག
རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གི་སེམས་ལ་གོམས་འདྲིས་ཟེར་བའི་ཤེས་ཡོན་ཚོགས་པ་ནས་གོ་སྒྲིག་གནང་སྟེ། སྤྱི་ཟླ་༨་པའི་ཚེས་༢༥་ཉིན་༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་ནས། དེང་རབས་ཀྱི་ཤེས་ཡོན་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་དགོས་མཁོ་ཟེར་བའི་བརྗོད་གཞིའི་ཐོག་ལམ་སྟོན་ཕེབས་སྐབས། ༧གོང་ས་མཆོག་གིས་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ཐོག་ཕྱག་ལས་གནང་མཁན་སྨན་ཞབས་པ་དང་། སྨན་པ། ཚན་རིག་པ་སོགས་ཀྱིས་ཕྱག་ལས་ཧུར་ཐག་གནང་བཞིན་པར། རྗེས་སུ་ཡི་རང་ཡོད་ཅེས་གསུང་བ་དང་འབྲེལ། ཏོག་དབྱིབས་ནད་ཡམས་སྨན་བཅོས་ཆེད་སྲོལ་རྒྱུན་གྱི་སྨན་གཞུང་འདྲ་མིན་དང་དེང་དུས་ཀྱི་སྨན་ཟུང་འབྲེལ་གྱིས་བཀོལ་སྤྱོད་གནང་འོས་པའི་ལམ་སྟོན་གནང་སྐབས། རྒྱ་གར་ནང་སོ་སོ་ལ་མི་ལོ་སྟོང་ཕྲག་གོང་ནས་དར་བའི་ཚེ་ཡི་རིག་བྱེད་ཀྱི་སྨན་གཞུང་དང་། དེང་དུས་ཀྱི་སྨན་གཞུང་ཡོད་པའི་ཐོག རྒྱ་ནག་གི་སྲོལ་རྒྱུན་སྨན་གཞུང་མཁས་པ་གདན་ཞུས་དང་། ང་ཚོ་བོད་ལའང་སོ་སོའི་སྨན་གཞུང་ཞིག་ཡོད་པས། ངོས་ནས་བསམ་ན་དེ་ཚོའི་མཁས་པ་རྣམས་ལྷན་ཚོགས་གནང་འོས་པ་ཞིག་དང་། དུས་རབས་བརྒྱད་པའི་ནང་བོད་ཀྱི་རྒྱལ་པོས་སྣེ་ཁྲིད་གནང་སྟེ། ཕྱེད་རྒྱལ་སྤྱིའི་སྨན་གཞུང་མཁས་པའི་ལྷན་ཚོགས་ཤིག་གནང་ཡོད་པར་བརྟེན། བོད་ཀྱི་སྨན་གཞུང་ནི་ཚེ་ཡི་རིག་བྱེད་དང་ཡོ་ན་ནི། རྒྱ་ནག་གི་སྨན་གཞུང་དང་བོད་རང་གི་སྨན་གཞུང་བཅས་མཉམ་རུབ་ཀྱིས་གྲུབ་པ་ཞིག་ཡིན་པས། ངོས་ནས་བལྟས་ན་གྲོས་བསྡུར་བྱ་རིན་ཡོད་པ་ཞིག་ཏུ་མཐོང་། ནད་ཡམས་གསར་པ་འདི་མེད་པར་བཟོ་ཐབས་སུ་སྨན་གྱི་ཐོག་རྣལ་འབྱོར་ལུས་སྦྱོང་གི་ཉམས་ལེན་ཁག་ཅིག་ཀྱང་བཀོལ་འོས་པར་བསམས། རྒྱ་གར་དེ་ཤེས་ཡོན་འདི་རིགས་ཀྱི་ཐོག་ནས་གང་འཚམས་ཕྱུག་པོ་ཡིན་པས། ང་ཚོས་ཤེས་ཡོན་འདི་གྲས་བཀོལ་སྤྱོད་ཡག་པོ་ཡོང་བར། དུས་ཚོད་རན་པོ་ཞིག་ལ་ཚེ་ཡི་རིག་བྱེད་དང་ཡོ་ན་མི། བོད་དང་རྒྱ་ནག་བཅས་ཉམས་མྱོང་ཅན་གྱི་སྨན་པ་ཚོ་ལྷན་འཛོམས་གྲོས་བསྡུར་གནང་གལ་ཆེན་པོ་རེད་ཅེས་བཀའ་གནང་བ་དང་། མི་སེམས་སྐྱིད་པོ་ཅན་ཞིག་ཡོང་དགོས་ན། དེ་ལ་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་གོང་ནས་དར་བའི་སྙིང་རྗེ་དང་འཚེ་བ་མེད་པའི་ཉམས་ལེན་དགོས་པའི་སྐོར་ལ། དེང་རབས་ཀྱི་ཤེས་ཡོན་ནི་ཕྱི་དངོས་པོའི་ཡར་རྒྱས་གཙོར་འདོན་བྱས་བཞག་པ་ཞིག་ཡིན་པས། མི་སེམས་སྐྱིད་པོ་ཅན་ཞིག་ཡོང་དགོས་ན། དེ་ལ་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་གོང་ནས་དར་བའི་སྙིང་རྗེ་དང་འཚེ་བ་མེད་པའི་ཉམས་ལེན་དགོས་ཀྱི་ཡོད། རྒྱ་གར་གྱི་སྲོལ་རྒྱུན་བསམ་བློ་དེ་གཉིས་ཀྱི་སྙིང་རྗེའི་ཉམས་ལེན་གྱིས། ནང་སེམས་ཀྱི་ཞི་བདེ་དང་སྙིང་སྟོབས་འདྲེན་གྱི་ཡོད་པའི་གྲུབ་དོན་དུ། རྔམ་སྐྲག་དང་འཇིགས་སྣང་ཇེ་ཉུང་དུ་གཏོང་གི་ཡོད་པས། དེས་གཞན་ལ་གནོད་ཅིང་འཚེ་བའི་ལས་རྣམས་ལྡོག་ཐུབ་ཀྱི་ཡོད། ལུས་ངག་གི་རྣམ་འགྱུར་གྱིས་གཞན་ཕ་རོལ་པོའི་སེམས་དཀྲུག་པར་བྱེད་པའི་ལས་རྣམས་ལས་ལྡོག་པ་ནི་འཚེ་བ་མེད་པ་རེད། དེར་བརྟེན་འཚེ་བ་མེད་པའི་ཉམས་ལེན་ཚད་ལྡན་ཞིག་ཡོང་མིན་ནི། རང་བཞིན་གྱིས་སྙིང་རྗེའི་ཉམས་ལེན་ལ་རག་ལས་ཡོད་པ་དང་། རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གི་གོང་ནས་བློ་ལ་སྦྱོང་བརྡར་སྤྲོད་པའི་རིགས་པ་སྟེ། ཞི་གནས་དང་ལྷག་མཐོང་གི་སྒོམ་བརྒྱབ་སྟངས་དར་ཡོད་ཅིང་། ཞི་གནས་ནི་སེམས་རྩེ་གཅིག་ཏུ་གནས་པའི་འཇོག་སྒོམ་དང་། ལྷག་མཐོང་ནི་གནས་ལུགས་ལ་དཔྱོད་པའི་དཔྱད་སྒོམ་གནང་སྟངས་ཡིན་ཅིང་། རྒྱ་གར་དུ་ལོ་ཉིས་སྟོང་གི་གོང་ནས་སྙིང་རྗེ་སྒོམ་སྟངས་ཀྱི་རིག་པ་དང་། སྙིང་རྗེའི་ལམ་ནས་ཆོད་སེམས་བརྟན་པོ་དང་བཅས་ཏེ་འཚེ་བ་མེད་པའི་ཉམས་ལེན་གྱི་རིམ་པ་དེ་དར་འཕེལ་བྱུང་ཡོད་ཅེས་བཀའ་གནང་ཡོད།
གཞན་ཡང་༧གོང་ས་མཆོག་གིས། དེང་རབས་ཀྱི་ཤེས་ཡོན་ནི་ནུབ་ཕྱོགས་ནས་དར་བ་ཞིག་དང་དེའི་ནང་སེམས་སྦྱོང་བརྡར་གྱི་ཤེས་བྱ་ཚུད་ཐུབ་མེད་པས། དེང་རབས་ཀྱི་ཤེས་ཡོན་ཚད་མཐོ་ཡོད་པའི་མི་དང་རྒྱལ་ཁབ་ཚོའི་ནང་དུའང་ཤེས་ཡོན་དང་སློབ་སྦྱོང་བརྒྱུད། མཚོན་ཆ་སྣ་ཚོགས་དང་མཐར་ཐུག་རྡུལ་ཕྲན་མཚོན་ཆ་དར་ཡོང་གི་ཡོད། ང་ཚོའི་རྣམ་དཔྱོད་དང་ཤེས་བྱ་ཡོན་ཏན། ཚན་རིག་དང་འཕྲུལ་ལས་ཀྱི་རིག་པ་བཅས་བེད་སྤྱོད་བཏང་ནས་མཚོན་ཆ་འདི་འདྲ་བཟོས་ཡོང་བ་འདིས། བཟང་སྤྱོད་དང་སྙིང་རྗེ། འཚེ་བ་མེད་པའི་ཉམས་ལེན་གྱིས་འདང་གི་མེད་པ་མཚོན་གྱི་ཡོད། དེར་བརྟེན་བློ་རིག་བཀྲ་བའི་མིའི་ཀླད་པ་འདིས་ནང་སེམས་ཀྱི་ཞི་བདེ་འདྲེན་པའི་ཚབ་ཏུ། རྔམ་སྐྲག་དང་འཇིགས་སྣང་ཇེ་མང་དུ་གཏོང་གི་ཡོད། དེའི་རྒྱུ་མཚན་ནི་མིའི་རྣམ་དཔྱོད་དེ་ཁོང་ཁྲོ་དང་འཁོན་འཛིན། འཇིགས་སྣང་སོགས་བློ་ཉོན་མོངས་ཅན་གྱིས་ཁ་ལོ་བསྒྱུར་བཞིན་པས་རེད། དེ་བས་ངོས་ནས་ནམ་རྒྱུན་མི་ཚོས་ས་ཆ་གང་དུ་ཡིན་ནའང་ལུས་ཀྱི་འཕྲོད་བསྟེན་ལ་དོ་སྣང་ཡོད་པ་ཇི་བཞིན། ནང་སེམས་ཀྱི་བདེ་ཐང་ལའང་དོ་ཁུར་དགོས་ཀྱི་འདུག་པ་མ་ཟད། དེ་ནི་རྒྱ་གར་གྱི་སྲོལ་རྒྱུན་ཁོ་ན་ལ་རག་ལུས་ཡོད་ཅེས་བཤད་བསྡད་ཡོད་པས། སྙིང་རྗེ་དང་འཚེ་བ་མེད་པའི་ཉམས་ལེན་གྱི་ལམ་ནས། རྒྱ་གར་གྱིས་ནང་སེམས་ཀྱི་ཡོན་ཏན་དང་ཞི་བདེ་གོང་འཕེལ་ཆེད་ཆ་ཤས་གལ་ཆེན་ལེན་དགོས་ངེས་ཤིག་ཡིན་པ་དང་། རྒྱ་གར་གྱིས་ཕྱི་དངོས་པོའི་ཡར་རྒྱས་ལ་དམིགས་པའི་ཧ་ཅང་གལ་འགངས་ཆེ་བའི་དེང་རབས་ཀྱི་ཤེས་ཡོན་དང་། ལོ་སྟོང་ཕྲག་གོང་ནས་དར་བའི་རྒྱ་གར་གནའ་རབས་ཀྱི་སྙིང་རྗེ་དང་འཚེ་བ་མེད་པའི་ཉམས་ལེན་བཅས་ཟུང་སྦྲེལ་གནང་དགོས་པ་རེད་ཅེས་བཀའ་གནང་ཡོད།
ད་དུང་༧གོང་ས་ཆེན་པོ་མཆོག་གིས། ཁོང་གི་ཐུགས་བསྐྱེད་དམ་བཅའ་བཞི་སྟེ། འགྲོ་བ་མིའི་ནང་སེམས་ཀྱི་བཟང་པོའི་ཡོན་ཏན་གོང་སྤེལ་དང་ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་སྐད་ཡིག་རིག་གཞུང་དང་ཁོར་ཡུག་ལ་བདག་གཅེས་སྲུང་སྐྱོབ། རྒྱ་གར་གྱི་རིག་གཞུང་གི་ཉིང་བཅུད་ན་དཔལ་ནཱ་ལེནདྲའི་རིག་གཞུང་རྣམས། བོད་མི་རིགས་ཀྱིས་རྒྱུན་རིང་ཉར་ཚགས་རྒྱུན་འཛིན་གནང་བསྡད་པ་དེ། རྒྱ་གར་ནང་སླར་གསོ་གནང་རྒྱུ་ཡིན་པ་སོགས་ངོ་སྤྲོད་གནང་ཡོད་ཅིང་། ༧གོང་ས་མཆོག་ལ་རྒྱ་གར་དང་ཧིན་རྡུ་ནི་ཤི་ཡ། ཨ་མི་རི་ཀ་སོགས་ཀྱི་སེམས་ལ་གོམས་འདྲིས་ཤེས་ཡོན་ཁང་གི་ཚོགས་མི་ཚོས་དྲི་བ་དྲིས་ལན་ཀྱང་གནང་ཡོད་ཅིང་། དྲ་ལམ་ནས་ཐད་གཏོང་ལ་ལྟ་མཁན་མི་གྲངས་འབུམ་གསུམ་ལྷག་བྱུང་ཡོད་པ་ཚོར། རྒྱ་ནག་གི་སྐད་དང་ཝི་ཏི་ནམ། ཧིན་རྡུ། ཀོ་རི་ཡ། ཉི་ཧོང་། སི་པན། ཧྥ་རན་ཆི། འཇར་མན་དང་ཕོར་ཆི་གྷལ། ཨི་ཊ་ལི་དང་ཨུ་རུ་སུ། སོག་སྐད་བཅས་ཀྱི་ནང་ཐད་བསྒྱུར་གནང་ཡོད་པ་རེད།
༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པར་ཨ་མི་རི་ཀའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གིས་གཏན་འབེབས་བརྒྱུད། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཤེས་ཡོན་གྱི་ལས་འཆར་དེ། སྐད་ཡིག་མི་འདྲ་བ་༡༤་ནང་ཕབ་བསྒྱུར་གྱིས། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་༢༠༡༩་སྤྱི་ཟླ་༤པའི་ཚེས་༥་ཉིན་༧གོང་ས་མཆོག་དབུ་བཞུགས་ཐོག རྒྱལ་སྤྱིའི་རང་བཞིན་གྱི་དབུ་འབྱེད་མཛད་སྒོ་ཞིག་གནང་གྲུབ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
བོད་སྐད་སྡེ་ཚན།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎