བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་ཕར་འགྱངས།
2020.08.17

བོད་མིའི་སྒྲིག་འཛུགས་ཀྱི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་ཕར་འགྱངས་གནང་སོང་།
སྤྱི་ལོ་༢༠༢༠་ལོའི་སྤྱི་ཟླ་༠༨་པའི་ཚེས་༡༧་ཉིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་རྡ་རམ་སཱ་ལ་གངས་སྐྱིད་དུ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། ཚོགས་གཞོན་ཨརྱ་ཡེ་ཤེས་ཕུན་ཚོགས་རྣམ་གཉིས་དབུ་བཞུགས་ཐོག་གསར་འགོད་གསལ་བསྒྲགས་སྤེལ་ནས། སྤྱི་འཐུས་ཚོགས་གཙོ་མཆོག་གིས། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དེ་བཞིན་འདི་ལོའི་སྤྱི་ཟླ་༩་པའི་ཚེས་༡༦་ནས་ཚེས་༢༤་བར་འཚོགས་གཏན་འཁེལ་ཡོད་ཀྱང་། རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་མུ་མཐུད་དུ་ཁྱབ་གདལ་ཆེ་བའི་དབང་གིས། ད་སྐབས་འཛམ་གླིང་ཁྱོན་ཡོངས་ཀྱི་གནས་སྟངས་ཉིན་རེ་བཞིན་ཆེས་ཛ་དྲག་རང་བཞིན་ཅན་དུ་འགྱུར་བཞིན་ཡོད་པ་སོགས་ཀྱི་རྐྱེན་གྱིས། སྤྱི་འཐུས་རྒྱུན་ལས་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དེ་བཞིན་སྤྱི་ལོ་༢༠༢༡་ལོའི་སྤྱི་ཟླ་༣་པའི་བར་ཕར་འགྱངས་གནང་རྒྱུའི་ཐག་གཅོད་བྱུང་པ་གསལ་བསྒྲགས་གནང་སོང་།
གོང་ཞུས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་ཕར་འགྱངས་ཀྱི་ཐག་གཅོད་དེ་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༦་པ་དང་། དོན་ཚན་ཞེ་དགུ་པའི་ནང་གསེས་༢་པའི་དགོངས་དོན་ལྟར། སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་ཕར་འགྱངས་བྱེད་དགོས་བྱུང་ན། ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་ཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུའི་དབང་ཚད་ཡོད་པ་བཞིན་དེ་ལྟར་ཐག་གཅོད་གནང་བ་ཞིག་ཡིན་འདུག
ཡང་སྤྱི་འཐུས་ཚོགས་གཙོ་མཆོག་གིས། སྤྱི་ཟླ་དགུ་པའི་གྲོས་ཚོགས་འཚོགས་རྒྱུ་མིན་ན་ཡང་། དེ་འབྲེལ་ལས་དོན་རྣམ་འཐུས་ཤོར་མེད་པར་འབད་སྒྲུབ་བྱ་རྒྱུ་ཡིན་ཞིང་། དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་༢༠༡༩་ནས་༢༠་ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ནས་རྣམ་ཀུན་ལྟར་ཞིབ་འཇུག་ཞུ་མུས་ཡིན་པ་དང་། དེ་བཞིན་ལྷན་ཁང་ཁག་གི་ལས་བསྡོམས་སྙིང་བསྡུས་དང་རྒྱུན་ལས་ཀྱི་དྲི་བའི་ལན་འདེབས་བཅས་སྤྱི་ལོ་༢༠༢༠་ལོའི་སྤྱི་ཟླ་༩་པའི་ཚེས་༢༠་འགྱངས་མེད་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་(PDF)་ནང་ཕུལ་ཟིན་པ་དགོས་ཅེས་གསལ་བསྒྲགས་གནང་ཡོད།