འཛམ་གླིང་ཁྲག་སྦྱིན་ཉིན་མོ།
2014.06.16

༄༅༎ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་གྱི་ནང་དུ་འཛམ་གླིང་གི་ཟུངས་ཁྲག་ཞལ་འདེབས་ཀྱི་ཉིན་མོ་ཞེས་པ་གཏན་འབེབས་གནང་དགོས་པའི་དམིགས་ཡུལ་དང་ལྷག་དོན་བོད་པའི་སྤྱི་ཚོགས་ནང་དུ་ནད་མནར་ཅན་ལ་ཁྲག་སྦྱིན་གི་རོགས་རམ་གནང་མཁན་བོད་ཀྱི་བདེ་རྩའི་ཁྲག་སྦྱིན་རུ་ཁག་གི་ལས་དོན་སྐོར་འགན་འཛིན་ཚེ་རིང་དོན་གྲུབ་ལགས་སུ་གཡུ་སྒྲོན་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་གསན་རོགས་ཞུ༎
གསར་འགོད་པ་གཡུ་སྒྲོན།
འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། བོད་ཀྱི་བདེ་རྩ་ཚོགས་པའི་ཁྲག་སྦྱིན་རུ་ཁག་གིས་ཕྱི་ལོ་༢༠༡༢ ནས་༢༠༡༤བར་དུ་ཁྲག་དགོས་མཁོ་ཡོད་པའི་ནད་པ་༡༥༠ ལྷག་ཙམ་ལ་ཁྲག་གི་སྦྱིན་པ་བཏང་ཡོད་པའི་སྐོར། རྒྱལ་སྤྱིའི་ཁྲག་སྦྱིན་ཉིན་མོ་སྲུང་བརྩིའི་སྐབས་བོད་ཀྱི་བདེ་རྩ་ཚོགས་པའི་འགན་འཛིན་ཚེ་རིང་དོན་འགྲུབ་ཀྱིས་གསུངས་ཡོད་པ་རེད། དེ་ཡང་ཟླ་འདིའི་ཕྱི་ཚེས་༡༦ཉིན་སྔ་དྲོར་རྡ་རམ་ས་ལར་་རྟེན་གཞི་བྱས་པའི་བོད་ཀྱི་བདེ་རྩ་ཚོགས་པའི་གོ་སྒྲིག་འོག ཚོགས་པ་དེའི་ལས་ཁུངས་ཀྱི་མདུན་དུ་རྒྱལ་སྤྱིའི་ཁྲག་སྦྱིན་ཉིན་མོ་སྲུང་བརྩིའི་མཛད་སྒོ་ཞིག་ཚོགས་པ་དེར་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་གཙོས་པའི་བདེ་ལེགས་སྨན་ཁང་སོགས་ཀྱི་འབྲེལ་ཡོད་སྨན་པ་དང་། ཚོགས་པ་དེའི་འགན་འཛིན་ཚེ་རིང་དོན་འགྲུབ་ལགས་བཅས་ཀྱིས་དུས་དྲན་སྲུང་བརྩི་དང་འབྲེལ་བའི་གཏམ་བཤད་གནང་ཡོད་པ་རེད། འགན་འཛིན་ཚེ་རིང་དོན་འགྲུབ་ཀྱིས་གཏམ་བཤད་གནང་སྐབས། ད་ལྟའི་ཆར་ཁྲག་སྦྱིན་གཏོང་རྒྱུར་ཐོ་འགོད་བྱེད་མཁན་མི་གྲངས་༢༨༠ཡོད་པ་དེ་ཚོའི་ཁོངས་ནས་མི་གྲངས་༡༥༠ལྷག་གིས་ནད་པར་ཁྲག་སྦྱིན་པ་བཏང་ཡོད་པ་དང་སྐོར་དང་། ཁྲག་སྦྱིན་པ་བཏང་བ་ཡིན་ན་དམིགས་བསལ་གྱིས་འཕྲོད་བསྟེན་ལ་གནོད་ཀྱི་མེད་སྐོར་སོགས་གསུངས་པ་བཀོད་འདུག
གསར་འགོད་པ་ཚེ་བརྟན་རྡོ་རྗེ།