ཨ་རིའི་སྲིད་འཛིན་ནས་༧གོང་ས་མཆོག་དང་མཇལ་མོལ་ཞུ་དགོས།
2018.09.26

༄༅། །ཨ་མི་རི་ཀའི་ཆབ་སྲིད་ལམ་སྟོན་ཚོགས་པ་གནད་དགག་ཅན་ཞིག་གིས་སྲིད་འཛིན་ཌོ་ནལཌ་ཊམྤ་མཆོག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཞུ་དགོས་པ་དང་། རྒྱ་ནག་གཞུང་ལ་བོད་རྒྱ་གྲོས་མོལ་ནང་དུ་ཞུགས་དགོས་པའི་གནོན་ཤུགས་སྤྲད་དགོས་སྐོར་གསལ་བའི་ཉམས་ཞིབ་ཀྱི་སྙན་ཐོ་ཞིག་བཏོན་གནང་འདུག
དེ་ཡང་ཨ་རིའི་རྒྱལ་སར་ཆགས་པའི་ The Heritage Foundation དགེ་རྩ་ཁང་གིས་ཕྱི་ཟླ་ ༩ ཚེས་ ༢༡ ཉིན་བཏོན་པའི་ཨ་རི་དང་རྒྱ་ནག བོད་བཅས་ཀྱི་སྐོར་ལ་ཆབ་སྲིད་ཉམས་ཞིབ་ཀྱི་སྙན་ཐོ་ཡིག་ཆ་ཤོག་གྲངས་ ༡༤ ཅན་ཞིག་འདོན་སྤེལ་གནང་བའི་ནང། ཉམས་ཞིབ་པ་ Olivia Enos ལགས་ཀྱིས་བརྩམས་པའི་ཨ་མི་རི་ཀས་བོད་ཀྱི་རང་དབང་གོང་སྤེལ་མུ་མཐུད་གཏོང་དགོས་ཞེས་པའི་ནང་། ཨ་རིའི་གཞུང་གིས་༧གོང་ས་མཆོག་དང་རྒྱ་གཞུང་དབར་དོན་དམ་གྱི་གྲོས་མོལ་ཡོང་ཐབས་དགོས་པ་དང་། ཨ་རིའི་སྲིད་འཛིན་ཊམྤ་མཆོག་གིས་སྲིད་འཛིན་གོང་མ་རྣམས་པས་གནང་བ་བཞིན་དུ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་དགོས་པ་མ་ཟད། ༢༠༡༩ ལོར་ཚོགས་རྒྱུའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཆེས་མཐོའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཐོག་ལ་དམིགས་བསལ་གདན་ཞུ་དགོས་པ་གསུངས་ཡོད་པ་རེད།
ཉམས་ཞིབ་ཀྱི་སྙན་ཐོ་དེའི་ནང་ད་དུང་། རྒྱ་ནག་གཞུང་གི་དཔོན་རིགས་ཁྲོད་ནས་བོད་ནང་དུ་སྡུག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱེད་མཁན་གྱི་གཙོ་གྲས་ཁྲན་ཀོའཎ་ཆུ་དང་རྒྱ་ནང་དཔོན་རིགས་རྣམས་ལ་དམ་དྲག་བཀག་འགོག་བྱ་དགོས་ཤིང་། པཎ་ཆེན་རིན་པོ་ཆེ་མཆོག་གིས་དབུས་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་དང་གཞན་ཡང་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་དགོས་པའི་རེ་འདུན་བཏོན་པ་མ་ཟད། ཨ་མི་རི་ཀའི་གཞུང་གིས་ངོས་ནས་བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་གཞག་དགོས་སྐོར་སོགས་བཀོད་གནང་འདུག
རྩ་བའི་ The Heritage Foundation ཚོགས་པ་དེ་ནི་ཨ་རིའི་ནང་དུ་ཆབ་སྲིད་ཀྱི་སློབ་སྟོན་ཕུལ་མཁན་གྱི་ཚོགས་པ་གནད་དགག་ཅན་ཞིག་ཏུ་རྩིས་བཞིན་པ་རེད་འདུག།
གསར་འགོད་པ་བཀྲ་ཤིས་དབང་ཕྱུག