ཉེ་ཧོང་སྲུང་སྐྱོབ་ཆེད་འགྱུར་བ་མེད།
2014.02.08

༄༅༎རྒྱ་ནག་གིས་ས་ཆའི་བདག་དབང་རྩོད་ལེན་གྱི་ནུས་པ་ཇེ་ཆེར་གཏོང་བཞིན་པའི་སྐབས་འདིར་ཨ་མི་རི་ཀས་ཉེ་ཧོང་གི་བདེ་འཇགས་སྲུང་སྐྱོབ་དང་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོིའི་ཁུལ་གྱི་བརྟན་ལྷིངས་སྲ་བརྟན་ཐུབ་རྒྱུའི་ཁས་ལེན་ལ་འགྱུར་བ་མེད་པར་གནས་ཡོད་པ་ནན་བརྗོད་གནང་འདུག།
དེ་ཡང་གཟའ་པ་སངས་ཉིན་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ ཇོན་ཀེ་རི་དང་ཉེ་ཧོང་གི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ ཕྷུ་མི་ཡོ་ ཀི་ཤི་རྡ་ རྣམ་གཉིས་མཇལ་འཕྲད་གནང་པའི་རྗེས། ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨ་མི་རི་ཀ་དང་ཉེ་ཧོང་གི་འབྲེལ་ལམ་གྱི་རང་བཞིན་ཧ་ཅང་གལ་འགངས་ཆེན་པོ་ཡིན་པའི་སྐོར་དང་། ཡུལ་གྲུ་གཉིས་དབར་བདེ་འཇགས་ཀྱི་འབྲེལ་ལམ་མུ་འཐུད་ཡར་རྒྱས་གཏོང་རྒྱུ་ཡིན་པ། ལྷག་པར་དུ་ཨ་མི་རི་ཀ་དང་ཉེ་ཧོང་དབར་བཞག་པའི་གན་རྒྱ་རིམ་པའི་ནང་གསལ་བ་ལྟར་གལ་ཏེ་ཉེ་ཧོང་གི་ཐོག་དྲག་རྒོལ་འབྱུང་ཚེ་ཨ་མི་རི་ཀས་ཉེ་ཧོང་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་སོགས་ནན་བརྗོད་གནང་འདུག།
ད་དུང་ཨ་རིའི་ཕྱི་སྲིད་དྲུང་ཆེས་གན་རྒྱའི་ནང་གསལ་བའི་ཨ་མི་རི་ཀའི་ཉེ་ཧོང་སྲུང་སྐྱོབ་ཀྱི་ལས་དོན་ཁག་ནི་ཤར་རྒྱ་ནག་རྒྱ་མཚོའི་གནད་དོན་ཡང་ཚུད་ཡོད་པ་གསུངས་ཤིང་། ཁོང་གིས་ཨ་མི་རི་ཀའི་ངོས་ནས་རྒྱ་ནག་གིས་ཤར་རྒྱ་ནག་རྒྱ་མཚོའི་ཐོག་གནམ་ཐིག་བརྒྱབ་སྟེ་ཕྱི་ཕྱོགས་ཀྱི་གནམ་གྲུ་རྒྱ་ནག་གཞུང་གི་བཀའ་ཁྲོལ་མེད་པར་འཕུར་བསྐྱོད་མི་ཆོག་པའི་ཚད་འཛིན་བཟོས་པ་དེར། ཨ་མི་རི་ཀས་ངོས་འཛིན་བྱེད་ཀྱི་མེད་ལ་མོས་མཐུན་ཡང་བྱེད་ཀྱི་མེད་ཅེས་གསུངས་འདུག།
གཟའ་སྤེན་པའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧོང་ལེཡིའི་མིང་ཐོག་ནས་སྤེལ་བའི་གསར་འགོད་གསལ་བསྒྲགས་ཤིག་གི་ནང་། རྒྱ་ནག་གཞུང་གིས་ཤར་རྒྱ་ནག་རྒྱ་མཚོའི་ཁུལ་བདེ་འཇགས་སྲུང་སྐྱོབ་ཀྱི་གནམ་ཐིག་བརྒྱབ་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་ཡོངས་སུ་མཐུན་པ་ཞིག་ཡིན་ལུགས་དང་། ཨ་མི་རི་ཀའི་ངོས་ནས་མངའ་ཁུལ་གྱི་ནང་བརྟན་ལྷིངས་མེད་པ་བཟོ་གཞི་དང་། རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་ལམ་ལ་གནོད་པའི་འགན་འཁུར་མེད་པའི་སྐད་ཆ་ཤོད་རྒྱུ་མཚམས་འཇོགས་དགོས་པའི་རེ་འདུན་བྱ་རྒྱུ་ཡིན་ཞེས་བརྗོད་འདུག།
གསར་འགོད་པ་སྐལ་ལྡན་བློ་གྲོས།