ལྕམ་ནེན་སི་པི་ལོ་སི་མཆོག་གིས་བོད་ནང་གི་བོད་མི་ཚོར་རྒྱབ་སྐྱོར་དང་བོད་དོན་བདེན་མཐའ་གསལ་རྒྱུར་ལས་འགུལ་མུ་མཐུད་སྤེལ་དགོས་པ་གསུངས་ཡོད་པ།

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་གྲོས་ཚོགས་ཀྱི་འཐུས་མི་ལས་ཐོག་ལྕམ་ནེན་སི་པེ་ལོ་སི་ (Nancy Pelosi) མཆོག་གིས་འདས་པའི་ལོ་ངོ་དྲུག་ཅུ་རེ་ལྔའི་རིང་བོད་མི་མང་གིས་ཆོད་སེམས་བརྟན་པོ་བཟུང་ཡོད་པར་ངོས་འཛིན་གནང་ཞིང་། བོད་ནང་གི་བོད་མི་ཚོར་རྒྱབ་སྐྱོར་དང་བོད་དོན་བདེན་མཐའ་གསལ་རྒྱུར་མུ་མཐུད་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
65 years ago, thousands of Tibetans risked their lives for religious, linguistic and cultural freedoms.
— Nancy Pelosi (@SpeakerPelosi) March 10, 2024
A young Dalai Lama was forced to leave his country and has been a symbol of the courage and resilience of the people of Tibet.
Today, we continue our commitment to support…
དེ་ཡང་སྤྱི་ཟླ་ ༣ ཚེས་ ༡༡ ཉིན་གྱི་ཕྱི་དྲོ། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཐུན་མོང་གིས་གོ་སྒྲིག་འོག ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་ (Tibet Alive) སྟེ་བོད་གསོན་པོ་ཞེས་པའི་མཛད་སྒོ་ཞིག་སྐོང་འཚོགས་གནང་ཡོད་པ་དང་། མཛད་སྒོ་དངོས་སུ་འགོ་འཛུགས་མ་བྱས་གོང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་ད་ལྟ་གྲོས་ཚོགས་འོག་མའི་འཐུས་མི་ལས་ཐོག་ལྕམ་ (Nancy Pelosi) མཆོག་ཆེད་ཕེབས་ཀྱིས། བོད་མི་ཚོས་འདས་པའི་ལོ་ངོ་ ༦༥ ཡི་རིང་བོད་ཀྱི་གནད་དོན་གསོན་པོར་གནས་ཐབས་ཀྱི་ཆོད་སེམས་དང་ནུས་སྟོབས་ལ་ཡིད་རང་བསྔགས་བརྗོད་གནང་འདུག
༢༠༢༤ ཟླ་ ༣ ཚེས་ ༡༡ དང་ ༡༢ བཅས་ཉིན་གྲངས་གཉིས་རིང་། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཁུལ་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲོག་ཞུས་པའི་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་པའི་ཐོག་ཨ་རིའི་ས་གནས་ ༢༥ ཙམ་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ ༢༠༠ ལྷག་གིས་མཉམ་ཞུགས་གནང་ཡོད་པ་དང་། འདི་ནི་འདས་ལོ་གསུམ་གྱི་གྲངས་འབོར་ནང་ནས་མང་ཤོས་དེ་ཡང་ཆགས་འདུག
ལྕམ་ (Nancy Pelosi) མཆོག་གིས་བོད་དོན་ཞུ་གཏུག་པ་རྣམ་ལ་མཇལ་འཕྲད་དང་འབྲེལ། བོད་ནང་གི་དཀའ་ངལ་སེལ་ཆེད། ཨ་རིའི་ངོས་ནས་རྒྱབ་སྐྱོར་དང་ལས་དོན་དེ་སྔ་ལས་མང་བ་སྤེལ་དགོས་པ་གསུང་འདུག
ཡང་ཞུ་གཏུག་ལས་འགུལ་གྱི་ཉིན་དང་པོའི་སྐབས། ཐེངས་འདིའི་ཞུ་གཏུག་ལས་འགུལ་ནང་ཨ་མི་རི་ཀའི་ མེ་སེ་ཆུ་སེཊསི་ (Massachusetts) མངའ་སྡེ་ནས་ཕེབས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་མངའ་སྡེའི་ཐོབ་ཁུངས་དེ་ནས་འདེམས་བསྐོ་བྱུང་པའི་གྲོས་ཚོགས་འཐུས་མི་འཇེམསི་མེག་གྷོ་ཝརན་ (Jim McGovern) མཆོག་གི་ལས་ཁུངས་སུ་བཅར་ནས་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་རྒྱབ་སྐྱོར་ཐོབ་ཐབས་དང་། ཁོང་གིས་ཡུན་རིང་འགྱུར་མེད་ཐོག་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་སོགས་བོད་དོན་ཞུ་གཏུག་གནང་སྐབས། གྲོས་ཚོགས་འཐུས་མི་འཇེམསི་མེག་གྷོ་ཝེརན་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་གང་མྱུར་གཏན་འབེབས་དང་མཉམ་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་སྐྱོན་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་གསུང་པ་དང་འབྲེལ། ཉེ་བའི་ཆར་ཁམས་སྡེ་དགེ་རྫོང་དུ་བོད་མི་ཚོར་འཕྲད་པའི་ཛ་དྲག་ཀྱི་གནས་སྟངས་ཐད་བློ་འཚབ་གྱི་རྣམ་འགྱུར་བསྟན་པ་དང་། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྤྱི་དང་། བོད་ཀྱི་རིག་གཞུང་རྩ་མེད་བཟོ་བའི་སྲིད་ཇུས་མཚམས་འཇོག་བྱེད་དགོས་པ་གསུངས་བྱུང་།
The Tibetan people have suffered the Chinese Communist Party’s oppression & control for 70 years, & the CCP shows no signs of slowing down until it has erased Tibetan culture.
— Young Kim (@RepYoungKim) March 11, 2024
I'm proud to lead the bipartisan charge with @RepMcGovern to stand with Tibet.https://t.co/9ZmgoLarcA
གསར་འགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། བསྟན་འཛིན་པདྨ། རྟ་མགྲིན་དབང་ཕྱུག