ཨ་རིའི་སྲིད་འཛིན་ཟུར་པ་བྷ་རག་ཨོ་བྷ་མ་མཆོག་གིས་ཆེ་བསྟོད་ཞུ་ཡུལ་འཛམ་གླིང་དབུ་འཁྲིད་ཁོངས་སུ་༧གོང་ས་མཆོག་ཀྱང་འདུག
དེ་ཡང་ཨ་རིའི་ནང་གི་The Daily Skimm ཞེས་པའི་གསར་ལས་ཁང་གིས་དེ་སྔའི་ཨ་རིའི་སྲིད་འཛིན་བྷ་རག་ཨོ་བྷ་མ་མཆོག་ལ་དེང་དུས་སྤྱི་ཚོགས་དྲ་ལམ་བརྒྱུད་ནས་གལ་སྲིད་སྐུ་ཉིད་ནས་བཀའ་མོལ་གནང་ཡུལ་གྱི་མི་སྣ་འདེམས་དགོས་བྱུང་ན་འཛམ་གླིང་གི་དབུ་འཁྲིད་སུ་དང་སུ་འདེམས་གནང་ས་རེད་ཅེས་བཀའ་འདྲི་ཞུས་པའི་སྐབས་ཁོང་གིས་དབུ་འཁྲིད་ཁོངས་སུ་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། ཡེ་ཤུའི་བླ་ཆེན་ Pope Francis མཆོག་འཇར་མན་གྱི་དབུ་འཁྲིད་ལྕམ་ Angela Merkel དེ་དེ་བཞིན་རྒྱ་གར་གྱི་སྲིད་བློན་ཟུར་པ་ Manmohan Singh བཅས་ཀྱི་མཚན་བཏོན་གནང་ཡོད་པ་མ་ཟད་དབྱིན་ཇིའི་རྒྱལ་མོ་མཆོག་ཀྱང་ཡིན་ལུགས་བཀའ་ལན་གནང་ཡོད་འདུག དེ་ཡང་ཁོང་གིས་གོང་ཞུས་དབུ་འཁྲིད་རྣམ་པའི་སྐོར་འགྲེལ་བརྗོད་གནང་བའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་མོས་ཆེན་པོ་ཡོད་ཅེས་འདི་ལྟར་གསུངས་འདུག དེ་བཞིན་ཡེ་ཤུའི་བླ་ཆེན་པོཔ་ཕ་རན་སིས་མཆོག་ནི་མི་སྣ་ཧ་ཅང་བཟང་པོ་ཞིག་ཡིན་ལུགས་གསུངས་འདུག
གོང་ཞུས་གནས་ཚུལ་ནང་མུ་མཐུད་ནས་བཀོད་པར་ལྟར་ན་། སྲིད་འཛིན་ཟུར་པ་བྷ་རག་ཨོ་བྷ་མ་མཆོག་ནས་རྒྱ་ནག་གི་དགག་ཆ་བྱེད་མིན་ལ་མ་ལྟོས་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྲིད་འཛིན་ཕོ་བྲང་དུ་གདན་ཞུ་གནང་བ་མ་ཟད་སྲིད་འཛིན་གྱི་དུས་ཡུན་རྫོགས་པའི་རྗེས་སུའང་མཇལ་འཕྲད་གནང་ཡོད་ལུགས་བཀོད་འདུག
དེ་དང་ཕྱོགས་མཚུངས་ཡེ་ཤུའི་བླ་ཆེན་ཕ་རན་སིས་མཆོག་ཀྱང་སྲིད་འཛིན་ཕོ་བྲང་དུ་གདན་ཞུ་གནང་ནས་ཆེ་བསྟོད་ཞུས་ཡོད་པ་། ཡང་དབྱིན་ཇིའི་རྒྱལ་མོ་མཆོག་དབྱིན་ཡུལ་དུ་མཇལ་འཕྲད་གནང་བའི་སྐབས་ཀྱི་ཐུགས་གཤིས་སྐོར་བསྔགས་བརྗོད་གནང་བ་། ལྷག་པར་དུ་འཇར་མན་གྱི་དབུ་འཁྲིད་ལྕམ་ཨན་ཇེ་ལ་མར་ཀེལ་མཆོག་ནི་ཁོང་རང་ཉིད་སྲིད་འཛིན་གྱི་ལས་རྒྱུན་རིང་མནའ་འབྲེལ་ཐུགས་བློས་བཀེལ་ཐུབ་པའི་བློ་མཐུན་ཞིག་ཡིན་ལུགས་སོགས་བསྡགས་བརྗོད་གནང་ཡོད་པ་རེད་། དེ་བཞིན་རྒྱ་གར་གྱི་སྲིད་བློན་ཟུར་པ་མན་མོ་ཧྣ་སིང་མཆོག་ཀྱང་ཆེ་བསྟོད་ཞུ་ཡུལ་གྱི་དབུ་འཁྲིད་ཁོངས་སུ་མཚན་བཏོན་གནང་ཡོད་པ་རེད་།
བཀའ་འདྲི་ཞུ་མཁན་གྱི་གསར་འགྱུར་ཚན་སི་ཀིམ་ཞེས་པ་དེ་ནི་ཨ་རིའི་ནང་ཕྱི་ལོ་ ༢༠༡༢ ལོར་གསར་བཙུགས་བྱས་པ་ཞིག་ཡིན་པ་དང་ད་ལྟའི་ཆར་གསར་འགྱུར་ཚན་པ་དེའི་གསར་ཤོག་དང་། བརྙན་ཐུང་དྲ་ལམ་བརྒྱུད་ལྟ་ཉན་མི་གྲངས་ས་ཡ་བདུན་ཙམ་ཡོད་འདུག