འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་རྒྱ་ནག་པེ་ཅིང་སྨན་ཁང་དུ་དེ་རིང་སྐུ་གྲོངས་ཡོད་པ།


2014.03.30
འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་རྒྱ་ནག་པེ་ཅིང་སྨན་ཁང་དུ་དེ་རིང་སྐུ་གྲོངས་ཡོད་པ། འབའ་པ་ཕུན་ཚོགས་དབང་རྒྱལ་ལགས།
འོད་ཟེར།

༄༅༎དེ་རིང་སྐུ་ཚེ་མ་ཟིན་པའི་འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་དམ་པ་ཁོང་ནི། རྒྱ་ནག་གཞུང་ལ་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་གྲོས་མོལ་ཞུ་དགོས་པའི་ནན་སྐུལ་ཞུ་མཁན་བོད་རིགས་དམར་ཤོག་ཚོགས་པའི་དབུ་ཁྲིད་ཡིན་འདུག  འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་དམ་པ་དེའི་བུ་ཕུན་ཁང་ལགས་ཀྱིས་རོའུ་ཀྲར་གསར་འགྱུར་ལས་ཁང་ལ་ཞལ་པར་ཐོག་གསུང་དོན།  ཁོང་གི་ཕ་དམ་པ་ཁོང་སྐུ་འཚོ་བཞུགས་སྐབས་དམར་ཤོག་ཚོགས་པའི་ཚོགས་མི་ཞིག་ཡིན་ཀྱང་། ཁོང་སྐུ་གྲོངས་པའི་རྗེས་ནང་པའི་དགེ་འདུན་གདན་འདྲེན་ཞུས་ཏེ་བོད་ཀྱི་སྲོལ་རྒྱུན་བཞིན་སྨོན་ལམ་གསུང་འདོན་གནང་བཞིན་པ་ཡིན་ཞེས་གསུངས་བཞག  འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་དམ་པ་ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་མཆོག་ལ། བོད་ནང་གི་ས་གནས་དཔོན་རིགས་ཚོས་སྒེར་གྱི་ཆབ་སྲིད་ཀྱི་མཁེ་ཕན་ཁོ་ནའི་ཆེད། ༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྤྱི་ཚོགས་ལ་ཕན་པའི་ཕྱག་ལས་གང་གནང་བ་ཚོར་ངོས་ལེན་མ་བྱས་པར། ༧གོང་ས་མཆོག་གིས་ཁ་བྲལ་གྱི་ཕྱག་ལས་གནང་གི་ཡོད་པའི་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་ཐེར་འདོན་གནང་སྟེ། ཕྱག་བྲིས་ཐེངས་མང་ཕུལ་མྱོང་ཡོད་པ་དང་ཁོང་གིས་སྲིད་འཛིན་ཧུ་ཅིན་ཐའོ་མཆོག་ལ། བོད་ནང་ཞི་བདེ་གཏན་ལྷིང་ཡོང་ཐབས་སུ། ༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱིར་བོད་ལ་ལོག་ཕེབས་དུ་བཅུག་དགོས་པའི་ནན་སྐུལ་ཡང་ཡང་ཞུས་ཡོད་པ་རེད། རྩོམ་བྲིས་པ་འོད་ཟེར་ལགས་ཀྱིས་ རོའུ་ཀྲར་གསར་ལས་ཁང་ལ་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་སྐུ་ཚེ་མ་ཟིན་པ་དེས། བོད་ལ་གྱོང་གུན་ཆེན་པོ་ཞིག་ཐེབས་ཡོད་པ་རེད་ཅེས་གསུངས་བཞག  དེ་བཞིན་རྒྱ་རིགས་རྩོམ་བྲིས་པ་ཝང་ལི་ཞུན་ལགས་ཀྱིས་ཀྱང་ཁོང་སྐུ་ཚེ་མ་ཟིན་པ་དེས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གདུང་སེམས་མཉམ་སྐྱེད་ཞུ་མཁན་གཅིག་ཉུང་དུ་ཕྱིན་པ་རེད་ཅེས་གསུངས་བཞག།

༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་གསོའི་འཚམས་འདྲི་གནང་ཡོད་པ།



 

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང་བོད་མི་གསར་བརྗེ་བ་འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་ རྒྱ་ནག་པེ་ཅིང་སྨན་ཁང་དུ་དེ་རིང་ཞོག་པ་སྐུ་གྲོངས་པའི་གནས་ཚུལ་ཐོན་མ་ཐག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་འཚམས་འདྲི་གནང་འདུག ༧གོང་ས་མཆོག་གིས་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ནི་དངོས་འབྲེལ་བོད་མིའི་ཐོབ་ཐང་དང་། བདེ་དོན་སྒྲུབ་ཐབས་ཀྱི་ཀུན་སློང་བཟང་པོ་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ངོ་མ་ཞིག་ཡིན་པ་དང་། ཁོང་སྐུ་ཚེ་མ་ཟིན་པ་དེས་ང་ཚོས་ཡིད་ཆེས་བྱེད་སའི་གྲོགས་པོ་ཞིག་མེད་པ་གྱུར་བ་རེད་ཅེས་བཀའ་གནང་བཞག  ཡང་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ངས་འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་ཐོག་མར་ཕྱི་ལོ་༡༩༥༡ལོར་ཁོང་སྐད་གྲགས་ཆེན་པོ་ཡོད་པའི་སྐབས་ལྷ་སར་ཐུག་འཕྲད་བྱུང་ལ། ཕྱི་ལོ་༡༩༥༤-༥༥ལོར་ང་པེ་ཅིང་གཙོས་པའི་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་འགྲོ་སྐབས་ཁོང་གིས་ངའི་སྐད་བསྒྱུར་གནང་མྱོང་ཡོད། དེའི་སྐབས་ང་གཉིས་གྲོགས་པོ་ཡག་པོ་ཞིག་ཆགས་པ་རེད་ལ་དམིགས་བསལ་ངས་རྒྱ་ནག་གི་དབུ་ཁྲིད་མའོ་ཚེ་ཐུང་དང་མཉམ་དུ་མཇལ་འཕྲད་ཐེངས་མང་བྱེད་སྐབས་ འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་ང་ལ་སྐད་བསྒྱུར་གྱི་མཐུན་འགྱུར་ཡག་པོ་གནང་བྱུང་ཞེས་བཀའ་གནང་བཞག དེ་བཞིན་༧གོང་ས་མཆོག་གིས་དམ་པ་ཁོང་ནི་ལྷག་བསམ་རྣམ་དག་དང་དྲང་ཚུགས་ལྡན་པ་ཞིག་ཡིན་པ་དང་། ཁོང་ག་དུས་ཐུག་ཀྱང་སྤྲོ་སྣང་ཆེན་པོ་བྱུང་ལ་ཡང་བསྐྱར་དུ་ཐུག་པའི་རེ་བ་བྱས་ཀྱང་ཐུག་ཐུབ་མ་སོང་། འོན་ཀྱང་དམ་པ་ཁོང་སྐུ་སྐྱེ་བཟང་པོ་ཞིག་ཐོབ་པའི་ཐུགས་སྨོན་གནང་གི་ཡོད་ཅེས་བཀའ་གནང་བཞག།

གསར་འགོད་པ་ཚེ་དབང་དངོས་གྲུབ།

 

འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་ཀྱི་སྐུ་ཚེ་ལོ་རྒྱུས།

 

 

 

 

 

འབའ་པ་ཕུན་ཚོགས་དབང་རྒྱལ་ལགས།

 

པེ་ཅིང་དུ་བཞུགས་མཁན་འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་སམ་ཕུན་དབང་ལགས་ནི་དེ་རིང་ཕྱི་ཟླ་གསུམ་པའི་ཚེས་༣༠ རེས་གཟའ་ཉི་མའི་པེ་ཅིང་གི་སྔ་དྲོ་ཚོུད་བདུན་དང་སྐར་མ་བཅུར་དགུང་གྲངས་༩༢ ཐོག་པེ་ཅིང་སྨན་ཁང་ཞིག་ཏུ་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་ཤག
འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་ནི་བོད་མི་གསར་བརྗེའི་ཚོགས་པ་བཙུགས་མཁན་ཞིག་ཡིན་པ་དང། ཁོང་གིས་ཕྱིས་སུ་བོད་མི་གསར་བརྗེ་བ་ཞིག་ཅེས་པའི་ཕྱག་དེབ་ཅིག་རྩོམ་བྲིས་གནང་བ་དེ། སྤྱི་ཚོགས་ཐོག་ལ་མཐོང་ཆེན་དང་འདེང་ཕྱོགས་ཆེན་པོ་བྱུང་ཡོད་ལ། ལྷག་པར་དུ་ རང་རྒྱལ་མི་རིགས་ཀྱི་གནད་དོན་དང་མི་རིགས་ལས་དོན་སྐོར་གྱི་ཕྱིར་རྟོག ཅེས་པའི་ཕྱག་དེབ་ཞིག་ཀྱང་རྩོམ་བྲིས་གནང་སྟེ། ཕྱག་དེབ་དེའི་ནང་དོན་དུ། རྒྱ་ནག་གི་ཁྲིམས་ལུགས་སུ་འཁོད་པའི་བོད་དང་ཤིང་ཅང། སོག་པོ་སོགས་གྲངས་ཉུང་མི་རིགས་ཀྱི་གནད་དོན་འབུར་དུ་བཏོན་ནས་དཔྱད་ཞིབ་གནང་ཡོད་པ་མ་ཟད། བོད་དང་རྒྱ་ནག་གཉིས་ཀྱི་ལོ་རྒྱུས་ཀྱི་འབྲེལ་བ་དང། མ་འོངས་པར་བོད་དོན་ཐག་གཅོད་ཁ་ཕྱོགས་སོགས་སྐོར་ཞིབ་འཇུག་གནང་བ་ཞིག་ཡིན་པ་རེད།
འབའ་པ་ཕུན་དབང་ལགས་ནི། བོད་ཤར་ཕྱོགས་ཁམས་འབའ་ཐང་དུ་ཕྱི་ལོ་ ༡༩༢༢ ལོའི་ཕྱི་ཟླ་དང་པོའི་ནང་ཕ་སྒོ་ར་ཨ་ཤེས་ཞུ་བའི་ཁྱིམ་དུ་འཁྲུངས་པ་དང། དགུང་ལོ་བདུན་ལ་སོན་སྐབས་འབའ་ཐང་དུ་རྒྱ་གཞུང་གིས་བཙུགས་པའི་སློབ་གྲྭར་འཛུལ་ཞུགས་གནང་སྟེ། དགུང་ལོ་བཅུ་གཉིས་བར་སློབ་གཉེར་གནང་བ་དང། དགུང་ལོ་༡༤ ཐོག་གོ་མིང་ཏང་ཅང་ཅེ་ཧྲེ་བཙུགས་པའི་བོད་གཙོས་པའི་མི་རིགས་གཞན་གྱི་ལས་བྱེད་པའི་ཕྲུ་གུ་བསྐྱོད་ཡུལ་གྱི་སློབ་གྲྭར་ཞུགས་པ་དང། དེ་རྗེས་ནན་ཅིང་དང་གྲུང་ཅིང་དུ་སློབ་གཉེར་གནང་བའི་སྐབས་སློབ་གྲྭའི་ནང་གསང་བའི་དམར་ཤོག་ཚོགས་པ་གསར་འཛུགས་གནང་བ་མ་ཟད། དགུང་ལོ་༡༧ ཐོག་བོད་རིགས་དམར་ཤོག་ཚོགས་པ་གསར་འཛུགས་གནང་ཡོད་པ་དེ་དག་གི་འབྱུང་རྐྱེན་ནི། དུས་སྐབས་དེར་འབའ་ཐང་མི་དམངས་ནས་ཕྱིའི་དབང་བསྒྱུར་ལ་མི་བཟོད་པར་རྒྱ་ནག་གི་ལས་བྱེད་པ་དང་དམག་དཔུང་ལ་ངོ་རྒོལ་གྱི་ལས་འགུལ་རིམ་པར་ཡོང་བཞིན་ཡོད་པའི་ཆབ་སྲིད་ཀྱི་དཀའ་རྙོག་མང་བའི་ལོ་རྒྱུས་དང་། ཆུང་དུས་ཀྱི་སྤྱི་ཚོགས་ཀྱི་ཉམས་མྱོང་གི་ཐོག་ནས་གསར་བརྗེ་བ་ཞིག་ཏུ་འགྱུར་བ་ཞིག་ཡིན་ཞིང། དེ་རྗེས་རྒྱ་ནག་གཞུང་ནས་བོད་ལ་བཙན་འཛུལ་བྱས་ཟིན་པའི་རྗེས་ཀྱི་༡༩༥༡ ལོར་རྒྱ་ནག་ཏུ་ཕེབས་མཁན་བོད་ཀྱི་སྐུ་ཚབ་ཚོའི་གསུང་བསྒྱུར་གནང་ཡོད་ལ། རྒྱ་ནག་དང་བོད་བར་ཆིངས་ཡིག་དོན་ཚན་༡༧ ཟེར་བ་བཞག་སྐབས་གསུང་བསྒྱུར་གནང་བ་སོགས་༡༩༥༡ ནས་༡༩༥༨ བར་རྒྱ་ནག་གཞུང་ནང་གི་བོད་རིགས་འགོ་ཁྲིད་པའི་ཕྱག་ལས་གནང་ཡོད་ཀྱང་། ཁོང་གིས་མི་རིགས་ལ་བཅངས་པའི་ཕུག་བསམ་གྱི་ལས་དོན་ཕམ་ཉེས་བྱུང་སྟེ། མཐར་རྒྱ་ནག་གི་བཙོན་དུ་ལོ་ངོ་༡༨ བཙོན་འཇུག་གིས་ལུས་སེམས་གཉིས་ལ་རྡུང་རྡེག་ཚབས་ཆེན་ཕོག་ཡོད་པ་རེད། དེ་རྗེས་༡༩༧༨ ལོར་བཙོན་བཀྲོལ་ཐོབ་པའི་རྗེས་ཁོང་གིས་མུ་མཐུད་ནས་མི་རིགས་ཀྱི་སྲིད་ཇུས་སྐོར་ལ་གླེང་བ་དང་རྩོམ་བྲིས་སྤེལ་བ་མ་ཟད། ༡༩༧༩ ནས་༧གོང་ས་མཆོག་གི་སྐུ་ཚབ་རིམ་པ་རྒྱ་ནག་ཏུ་ཕེབས་པའི་སྐབས་རྒྱུས་མངའ་དང་ལམ་སྟོན། རྒྱབ་སྐྱོར་གནང་མཁན་ཞིག་དང། རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་བོད་ཀྱི་ཐོག་ལ་འཛིན་པའི་སྲིད་ཇུས་འཛིན་ཕྱོགས་ཐོག་ལ་བློ་སྟོབས་ཆེན་པོས་ཐེར་འདོན་གནང་མཁན་ཞིག་ཡིན་པ་རེད།།

གསར་འགོད་པ་གཡུ་སྒྲོན།

 

འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་ཀྱི་སྐུ་ཚེ་ལོ་རྒྱུས་དང་ཁོང་གི་ཤུགས་རྐྱེན་སོགས་ཀྱི་ཐད། སྒྲོལ་དཀར་ལགས་ཀྱིས་གཏམ་གླེང་ཞལ་པར་གྱི་ལེ་ཚན་ནང་། མི་སྣ་ཁག་དང་ལྷན་དུ་དབྱེ་ཞིབ་བགྲོ་གླེང་ཞུས་ཡོད་པ་ཞིག་འདིར་གསན་རོགས།སྒྲ་ལྡན་གསར་འགྱུར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎