རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟལ་དཔལ་ལྡན་གྱིས་རང་ལུས་མེར་སྲེག་བཏང་འདུག
2014.03.16

ཕྱི་ལོ་༢༠༡༤ ཟླ་༣ ཚེས་༡༦ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་༡༡་༤༠ ཙམ་ལ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་དཔལ་ལྡན། རང་ལོ་༢༠ ཡས་མས་ཡིན་པ་ཁོང་གིས་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་དྲག་རྩུབ་ཅན་གྱི་ སྲི་ཇུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་སྐུ་ལུས་མེ་རུ་སྒྲོན་ཡོད་འདུག ཁོང་གིས་ཨ་མདོ་རྔ་པའི་དཔའ་བོའི་སྲང་ལམ་དུ་ལུས་ལ་ས་སྣུམ་བྱུགས་ནས་མེར་ བསྒྲོན་ཏེ་སྐད་འབོད་གནང་བཞིན་གོམ་པ་འགར་ཕེབས་ཡོད་ཀྱང་། དེ་མ་ཐག་རྒྱ་གཞུང་གིས་སྔ་ས་ནས་གྲ་སྒྲིག་བྱས་ནས་ཡོད་པའི་དམིགས་བསལ་ཉེན་རྟོག་ པ་སོགས་འབོར་ཆེན་སླེབས་ནས་མེ་བསད་ཅིང་རླངས་འཁོར་ཆུང་བ་སྒམ་ཤིང་ཅན་ཞིག་གི་ ནང་བཙན་ཁྲིད་བྱས་ཡོད་པ་དང་། དེའི་རྗེས་ནས་ས་གནས་གང་དུ་ཁྱེར་ཡོད་མེད་དང་ཤི་གསོན་གྱི་གནས་སྟངས་སོགས་གང་ཡང་ཤེས་རྟོགས་མི་ཐུབ་པར་གྱུར་ཡོད།
ཡང་ཤིང་ཧཱ་གསར་འགྱུར་ལས་ཁང་གིས་ཕྱི་ཚེས་༡༦ཉིན་རྨ་ལྷོ་ཁུལ་གྱི་རྩེད་ཁོག་རྫོང་དུ་དགེ་འདུན་ཞིག་གིས་རང་ལུས་མེ་སྲེག་བཏང་ཡོད་པ་དང།་་གནས་ཚུལ་དེ་བྱུང་མ་ཐག་ཉེན་རྟོག་ས་གནས་སུ་ཕྱིན་ཡོད་པའི་གནས་ཚུལ་ཙམ་ལས་ཞིབ་ཕྲ་བཤད་མེད་ཅིང། དེ་བཞིན་APགསར་འགྱུར་ལས་ཁང་གིས་ཀྱང་རྩེ་ཁོག་གི་ས་གནས་བདེ་འཇགས་ལྷན་ཁང་གི་ལས་བྱེད་པ་ཞིག་གིས། རང་ལུས་མེར་སྲེག་ཀྱི་དོན་རྐྱེན་བྱུང་བ་ངེས་གཏན་ཡིན་པ་དང། དེ་ཡང་རྩེ་ཁོག་དགོན་པའི་ཕྱི་ཕྱོགས་སུ་བྱུང་ཡོད་པའི་སྐོར་ངོ་སྤྲོད་བྱས་ཡོད་པས་ལས་དེ་མིན་གྱི་གནས་ཚུལ་ཞིབ་ཕྲ་དང་གནས་ཚུལ་ངོ་སྤྲོད་གནང་ནཁན་དེའི་མིང་སོགས་བཤད་མེད་པའི་སྐོར་བཀོད་ཡོད་པ་རེད།