རྩོམ་པ་པོ་བློ་བཟང་རྣམ་རྒྱལ་ལགས་བཙོན་བཀྲོལ་བཏང་འདུག
2014.04.28
རྒྱ་ནག་གཞུང་གིས་བོད་མི་གཞོན་སྐྱེས་རྩོམ་པ་པོ་བློ་བཟང་རྣམ་རྒྱལ་ལམ་གསང་མིག་ལགས་བཙོན་བཀྲོལ་བཏང་ཡོད་འདུག
དེ་ཡང་བོད་ཀྱི་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ལོ༢༠༡༢ ལོའི་ཟླ་ལྔ་པའི་ནང་འཛིན་བཟུང་བཙོན་འཇུག་བྱས་པའི་ཀན་ལྷོ་རྨ་ཆུ་རྫོང་གི་གཞོན་སྐྱེས་རྩོམ་པ་པོ་བློ་བཟང་རྣམ་རྒྱལ་ལམ་སྨྱུག་མིང་ལ་གསང་མིག་ཞུ་བ་ཁོང་སྤྱི་ཟླ་༤བའི་ཚེས་༢༦ཉིན་གློད་བཀྲོལ་བཏང་ཡོད་འདུག
༢༠༠༨ལོར་རྨ་ཆུ་རྫོང་དུ་བོད་མི་སྐྱ་སེར་གཉིས་ཀྱི་ཞི་བའི་ངོ་རྒོལ་བྱེད་སྐབས། རྒྱ་གཞུང་གིས་ཁོང་གཙོས་པའི་མི་༡༨འཛིན་བཟུང་གིས་གཅར་རྡུང་འདྲི་བརྩད་བྱས་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་། ༢༠༡༢ ལོའི་ཟླ་ པའི་ནང་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་གྱི་བྷུ་དྷ་རིག་གནས་ལས་ཁང་དུ་ཞོར་ལས་བྱེད་སྐབས་གསང་བའི་ཐོག་ནས་འཛིན་བཟུང་བྱས་ཏེ། ཟླ་༩ལྷག་གི་རིང་ཁོང་གར་སོང་ཆ་མེད་དུ་གྱུར་ནས་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་པ་དང་། ཕྱི་ལོ་༢༠༡༣ལོའི་ཕྱི་ཟླ་༣པར་ནང་མི་སྤུན་མཆེད་ཚོས་ཁོང་ལ་༧གོང་ས་མཆོག་གི་བཀའ་སློབ་དང་། ཆབ་སྲིད་ཀྱི་ཡིག་ཆ་དཔར་བསྐྲུན་བྱས་པའི་ཉེས་མིང་འོག་ཁྲིན་ཏུའུ་ཁྱེར་ལྟ་སྲུང་ཁང་དུ་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་ཀྱང་། ཉེན་རྟོག་པ་དང་དམག་མིས་ནང་མིར་ཐུག་འཕྲད་ཕར་ཞོག ཐ་ན་ཟ་ཆས་དང་ གྱོན་གོས་སོགས་ཀྱང་བསྐྱལ་མ་བཅུག་པར་དམ་དྲག་བཀག་སྡོམ་བྱས་ཡོད་འདུག
བློ་བཟང་རྣམ་རྒྱལ་ལགས་ནི། ༢༠༡༡ལོར་མགོ་ལོག་ར་རྒྱར་ཡོད་པའི་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ནས་སློབ་ཐོན་བྱུང་འདུག་ལ། སྐབས་དེར་ཁོང་གིས་འཚོལ་ཞེས་པའི་སྙན་དེབ་ཅིག་སྤྱི་ཚོགས་ནང་འགྲེམས་སྤེལ་གནང་ཡོད་པ་དང་། གླུ་ཚིག་དང་བརྩམས་ཆོས་གང་མང་ཞིག་ཀྱང་སྤྱི་ཚོགས་ཐོག་བཀྲམས་ཡོད་འདུག ཁོང་ནི་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དབལ་པན་སྡེ་བའི་སྐོང་གནས་རུ་ཆེན་ཡག་ཤུ་རོ་ཞེས་པ་ནས་ཡིན་པ་དང༌། ཕ་མིང་ལ་ཚེ་བརྟན་དང་མ་མིང་ལ་པདྨ་ཞུ་གི་ཡོད་འདུག་ལ། ཁོང་ད་ལྟ་རང་ལོ་༢༨ ཡས་མས་ཡིན་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།