དཀར་མཛེས་ཁུལ་དུ་དམ་བསྒྲགས།
2014.02.03

༄༅༎རྒྱ་ནག་གཞུང་གིས་དཔྱིད་གསར་དུས་ཆེན་རིང་ཁམས་དཀར་མཛེས་ཁུལ་དུ་དམག་མི་དང་དམག་མིའི་རླངས་འཁོར་སོགས་མང་པོ་བཀྲམ་ནས་དམ་དྲག་བྱེད་བཞིན་པའི་སྐོར། འདི་གའི་གསར་འགོད་པ་དཀར་མཛེས་ནོར་བུ་དགྲ་འདུལ་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས༎
ཡིག་ཐོག་གསར་འགྱུར།>>>
རྒྱ་ནག་གཞུང་གིས་བོད་མདོ་ཁམས་དཀར་མཛེས་ཕྱོགས་སུ་ཉེ་ཆར་དམ་བསྒྲཌ་ཇེ་ཆེར་བཏང་ཡོད་པ་རེད་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། དཀར་མཛེས་ཁུལ་ཉེ་བའི་དུས་ཚོད་ཀྱི་ནང་དང་ལྷག་པར་དུ་རྒྱ་མིའི་ལོ་གསར་སྐབས་ལྕགས་ཁྲབ་འཁོར་ལོ་དང་རྒྱ་མིའི་དམག་མི་ཁྱོན་ཆེ་གསར་དུ་འབྱོར་ཞིང་། དམག་མི་དེ་དག་གསར་དུ་བརྒྱབ་པའི་དམག་སྒར་ཁག་དང་། གཞན་ཡང་དེ་སྔོན་འབྲུ་རིགས་ཉོ་ཚོང་བྱ་ཡུལ་གྱི་ལས་ཁུངས། དེ་བཞིན་དཀར་མཛེས་གྲོང་གི་ཉེ་འགྲམ་དུ་ཡོད་པའི་དམག་སྒར་ཁག་གི་ནང་འགྲེམས་འཇོག་བྱས་ཡོད་འདུག།
རྣམ་ཀུན་ནས་བོད་ཀྱི་ས་ཕྱོགས་མང་པོའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་དང་བོད་ཀྱི་ལོ་གསར། གསུམ་བཅུའི་དུས་དྲན་སོགས་ཀྱི་དུས་ཚེས་ཤར་ལ་ཉེ་བའི་སྐབས་དམག་མི་སྣོན་མ་བཏང་སྟེ་དམ་བསྒྲཌ་བྱེད་ཤུགས་ཆེ་རུ་གཏོང་སྲོལ་ཡོད་པ་རེད།
བོད་ནས་གནས་ཚུལ་ངོ་སྤྲོད་གནང་མཁན་དེས་བརྗོད་དོན། འདི་ལོའི་རྒྱ་མིའི་ལོ་གསར་སྐབས་ས་གནས་བོད་མི་ཚོས་དུས་སྟོན་དེ་སྲུང་བརྩི་བྱས་མེད་པ་དང་། དཀར་མཛེས་ས་ཁུལ་གྱི་བོད་མིའི་སྤྱི་ཚོགས་ཀྱི་ཁྲོད་དེང་སྐབས་སྲོག་བླུའམ་དུད་འགྲོ་ཚེ་ཐར་གཏོང་བའི་སྲོལ་ཆེན་པོ་ཞིག་དར་ཏེ་བོད་ཀྱི་ལོ་གསར་སྐབས་དུད་འགྲོ་ཚེ་ཐར་བཏང་བའི་བྱ་ཐབས་ཀྱི་ཐོག་ནས་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་ཚོར་རྗེས་དྲན་དྲན་གསོ་བྱེད་བཞིན་ཡོད་པ་ཡང་ངོ་སྤྲོད་བྱས་འདུག
གསར་འགོད་པ་སྐལ་ལྡན་བློ་གྲོས།