ཏོག་དབྱིབས་ནད་ཡམས་ལ་བོད་ཀྱི་གསོ་རིག་གིས་གསོ་བཅོས་མྱུར་བ་ཡོད་པ་ཉམས་ཞིབ་གྲུབ་དོན་ལས་ཤེས་རྟོགས་བྱུང་པ།

ཀོ་ཝིཌ་ ༡༩ ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཤུགས་ཆེ་བྱུང་ནས་འཛམ་གླིང་ནང་མི་གྲངས་ས་ཡ་མང་པོ་འདས་གྲོངས་གྱུར་བའི་སྐབས་ནད་ཡམས་འདི་བཅོས་ཐབས་སུ་བོད་ཀྱི་གསོ་རིག་སྨན་གྱིས་ཕན་ནུས་བསྒྲུབས་ཐུབ་ཡོད་པ་མི་ནི་སོ་ཊ་གཙུག་ལག་སློབ་ཆེན་དང་། ཨ་རིའི་མེ་ཌི་སན་ནང་ཆགས་པའི་ཝིསི་ཀན་སིན་གཙུག་ལག་སློབ་ཆེན་སོགས་ཀྱི་ཞིབ་འཇུག་སྣེ་ཁྲིད་གནང་སྟེ། ཨ་རིའི་ནང་ཡོད་པའི་བོད་ཀྱི་གསོ་རིག་སྨན་པ་ ༢༠ ཙམ་གྱིས་ནད་བཅོས་གནང་པའི་སྐབས་ནད་རྟགས་གསོ་བཅོས་ཇི་ལྟར་ཐུབ་མིན་དང་ཉིན་གྲངས་ག་ཚོད་ནང་ཕན་ནུས་སྐྲུན་ཐུབ་མིན་བརྟག་དཔྱད་ཞིབ་བསྡུར་སྐབས་སུ་ཤེས་རྟོགས་བྱུང་ཡོད་པ་རེད། ཕྱི་ལུགས་སྨན་གྱིས་ནད་ཡམས་འདིའི་ནད་རྟགས་ཞི་བར་ཉིན་གྲངས་ ༢༠ ལྷག་དུས་ཡུན་འགོར་ཡུལ་དུ་བོད་ཀྱི་གསོ་རིག་སྨན་གྱིས་ཆ་སྙོམ་ཉིན་གྲངས་ ༡༡།༧ ནང་ཕན་ནུས་སྐྲུན་ཐུབ་ཡོད་པ་གྲངས་ཐོ་ཞིབ་བཤེར་བྱས་པའི་གྲུབ་དོན་ལས་ཤེས་རྟོགས་ཐུབ་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཞིབ་འཇུག་གི་ལས་རིམ་འདིའི་ནང་འགན་འཁུར་བཞེས་མཁན་གྲས་ནས་ཨ་རིའི་མི་ནི་སོ་ཊ་གཙུག་ལག་སློབ་ཆེན་གྱི་ཟུང་སྦྲེལ་སློབ་དཔོན་འབུམ་རམས་པ་བསྟན་འཛིན་རྣམ་གྲོལ་ལགས་དང་ལྷན་ལས་རིམ་གཙོ་སྐྱོང་བ་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག