ཕྱི་རྒྱལ་ཡུལ་སྐོར་བར་རྒྱ་གར་གཞུང་ནས་འདྲི་ཞིབ་གནང་མུས།
2020.02.06

༄༅༎རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ནང་ཆགས་པའི་རྡ་རམ་ས་ལ་ས་ཁུལ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་ཡིན་པར་བརྟེན། དུས་ནས་དུས་སུ་རྒྱ་ནག་སྐམ་ས་ཆེན་པོ་ནས་རྒྱ་མི་རིགས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་གནད་ཡོད་མི་སྣ་དང་ཡུལ་སྐོར་བ་སོགས་སྟོང་ཕྲག་བརྒལ་བ་ས་ཁུལ་འདི་རུ་ཡོང་གི་ཡོད་པར་བརྟེན། ད་ཆ་ཏོག་དབྱིབས་ནད་དུག་གི་དབང་གིས་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་༸གོང་ས་མཆོག་གི་མང་མཇལ་གནས་སྐབས་རིང་མཚམས་འཇོག་གནང་འདུག་པ་མ་ཟད། རྒྱ་གར་གཞུང་གིས་དམིགས་བསལ་གྱིས་འགན་ཁུར་བླངས་ཏེ་རྡ་རམ་ས་ལ་ཆགས་ཡུལ་གྱི་ཀང་ར་རྫོང་ཁུལ་དུ་དེ་སྔ་རྒྱ་ནག་ལ་ཕྱིན་ཏེ་འདི་ཁུལ་དུ་ཚུར་འབྱོར་བའི་ཕྱི་རྒྱལ་ཡུལ་སྐོར་བ་༢༠ ལ་འདྲི་ཞིབ་བྱས་འདུག་ཀྱང་། ཁོང་རྣམས་ལ་ཏོག་དབྱིབས་ནད་དུག་གི་སྔོན་རྟགས་རིགས་གང་ཡང་ཐོན་མེད་པ་ཀང་ར་རྫོང་གིས་འཕྲོད་བསྟེན་གྱི་སྤྱི་ཁབ་འགན་འཛིན་སྨན་པ་GD Gupta ལགས་ཀྱིས་ཁ་པར་བརྒྱུད་འདི་གའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང་། ཡང་GD Gupta ལགས་ཀྱིས་མུ་མཐུད་འགྲེལ་བརྗོད་གནང་དོན་དུ། རྒྱ་གར་ནང་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཧ་ཅང་གི་ཉུང་ཉུང་ཡིན་ཞིང་། དེ་ཡང་ནད་པ་དེ་དག་རྒྱ་གར་ལྷོ་ཕྱོགས་Kerela མངའ་སྡེ་ནས་རེད། ཧི་མ་ཅལ་ནང་དུ་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པ་ད་བར་ཐོན་མེད། འོན་ཀྱང་། ཕྱི་རྒྱལ་བ་དང་ཡུལ་སྐོར་སྤྲོ་འཆམ་པ་ཡོང་ས་རྡ་རམ་ས་ལའི་Mcleod Ganj ལྟ་བུ་ས་ཁུལ་ཁག་ཏུ་ང་ཚོས་མུ་མཐུད་ནས་འདྲི་ཞིབ་དང་སྔོན་འགོག་གི་ལམ་སྟོན་གནང་མུས་ཡིན་པས། འདི་ཁུལ་དུ་གནས་སྡོད་མི་མང་ཚོ་དངངས་སྐྲག་དང་སེམས་ཁྲལ་རིགས་གང་ཡང་མེད་པའི་ངང་གནས་དགོས་གལ་ཆེ་ཞེས་འགྲེལ་བརྗོད་གནང་སོང་། ཡང་བཞུགས་སྒར་རྡ་རམ་ས་ལ་གཙོས་པའི་ཀང་ར་རྫོང་གི་ཁྱབ་ཁུངས་ས་ཁུལ་ཁག་ཏུ་གལ་ཏེ་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པའི་རིགས་ཐོན་པ་ཡིན་ཚེ། རྡ་རམ་ས་ལའི་ཉེ་འདབས་དུ་ཆགས་པའི་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་གི་སྨན་ཁང་གཙོ་བོ་སྟེ་Tanda འཕྲོད་བསྟེན་སྨན་ཁང་དུ་དམིགས་བསལ་གྱིས་ནད་གསོ་ཁང་ཟུར་འཛུགས་གནང་ཡོད་པ་Gupta ལགས་ཀྱིས་འགྲེལ་བརྗོད་གནང་སོང་། ཡང་ད་སྐབས་བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་ཡོང་མཁན་ཡུལ་སྐོར་སྤྲོ་འཆམ་རྣམས་ཀྱིས་སོ་སོ་རང་ཉིད་རྒྱ་ནག་གཙོས་པའི་གོང་ཞུས་རིམས་ནད་དེ་ཁྱབ་པའི་རྒྱལ་ཁབ་དང་ས་ཁུལ་གང་དུ་ཕྱིན་ཡོད་མིན་སོགས་ཀྱི་སྐོར་ལ་འགེངས་ཤོག་ཤིག་ངེས་པར་དུ་རྒྱང་དགོས་ཀྱི་ཡོད་པ་ཧི་མ་ཅལ་མངའ་སྡེ་གཞུང་གིས་བཀོད་ཁྱབ་བཏང་འདུག།
གསར་འགོད་པ་བློ་བཟང་དགེ་ལེགས།