བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གོ་བདེ་བའི་ཐོག་ནས་གནང་བའི་ནང་ཆོས་ངོ་སྤྲོད་དེ་དག་དེབ་གཟུགས་སུ་བཀོད་ཡོད་པ།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཁྲོད་དུ་ཁྱིམ་པ་མི་སྐྱ་ཚོས་ཀྱང་ནང་ཆོས་ལ་སྦྱང་བརྩོན་ལེགས་པར་བགྱིས་ཏེ་དགེ་བཤེས་རིམ་པའི་སློབ་གཉེར་ཐོན་ཐུབ་པར་བྱ་དགོས་པ་དང་། ཆོས་སྡེ་དང་སྒྲིག་འཛུགས་ཁག་ནས་འདི་འབྲེལ་གྱི་ལས་དོན་བསྒྲུབ་དགོས་པའི་བཀའ་སློབ་ཕེབས་པ་བཞིན། གདན་ས་ཁག་དང་དགོན་སྡེ་གྲྭ་ཚང་། བླ་སྤྲུལ་དགེ་བཤེས་གང་ཙམ་ཞིག་གིས་སྤྱི་མང་ཁྲོད་ནང་ཆོས་གོ་རྟོགས་སྤེལ་བཞིན་ཡོད་པ་ལྟར། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཉེ་ལམ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཆེ་བས་ཐེམ་སྤང་བཀའ་རྒྱའི་གནས་སྐབས། དྲ་ཐོག་ནས་ལས་དང་པོ་བ་རྣམས་ཀྱིས་གོ་བདེ་བའི་ནང་ཆོས་ངོ་སྤྲོད་གནང་ཡོད་ཅིང་། ད་ཆ་གསུང་ཆོས་འདི་དག་དེབ་གཟུགས་སུ་བཀོད་ཡོད་པས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་ཕྱག་དེབ་རྩོམ་བྲིས་གནང་མཁན་སྤྱི་ཟུར་བློ་བཟང་ཆོས་འབྱོར་ལགས་སུ་ཕྱག་དེབ་དང་འབྲེལ་བའི་གནད་ལུགས་ཐད་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག