༧གོང་ས་མཆོག་གི་སྐུ་ཕྱར་བདོ་བའི་དོལ་རྒྱལ་ཚོགས་པའི་བྱ་སྤྱོད་ཐད་བློ་འཚབ་ཡོད།
2014.03.04
དོལ་རྒྱལ་ཚོགས་པས་༧གོང་ས་མཆོག་གི་སྐུ་ཕྱར་བདོ་བའི་བྱ་སྤྱོད་ཐད་བློ་འཚབ་ཡོད་པ་བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་གསལ་བསྒྲཊ་སྤེལ་འདུག
དེ་ཡང་བྱང་ཨ་མི་རི་ཀའི་བོད་མིའི་སྤྱི་འཐུས་སྐུ་ཞབས་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་ཚེས་༣ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་ཨ་མི་རི་ཀའི་ནང་མཛད་འཕྲིན་སྐྱོང་བཞིན་པའི་སྐབས་འདིར། དོལ་རྒྱལ་ཚོགས་པས་སྤེལ་བའི་བྱ་སྤྱོད་ཐད་བྱང་ཨ་མི་རི་ཀའི་བོད་མིའི་སྤྱི་འཐུས་རྣམ་གཉིས་དང་། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལ་བློ་འཚབ་ཧ་ཅང་ཆེན་པོ་བྱུང་། ཨ་མི་རི་ཀའི་མི་མང་ཁྲི་སྟོང་མང་པོས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་མི་རི་ཀར་ཆིབས་བསྒྱུར་གནང་བར་དགའ་འབོད་ཞུ་བཞིན་པའི་སྐབས་སུ། རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཞེས་པས་༧གོང་ས་མཆོག་ལ་མཚན་སྨད་དང་། སྐུར་འདེབས། སྐུ་ཕྱར་བདོ་ཉེན་བཟོ་བ་དངོས་མཐོང་བྱུང་བར་བློ་འཚབ་ཧ་ཅང་ཆེན་པོ་བྱུང་ཞེས་དང་། ད་དུང་༧གོང་ས་མཆོག་བཞུགས་སྒར་དུ་ཆིབས་ཞལ་མ་བསྒྱུར་གོང་ལ་ཨ་མི་རི་ཀ་གཞུང་གིས་༧གོང་ས་མཆོག་གི་སྐུ་ཕྱའི་ཉེན་སྲུང་ནུས་ཤུགས་ཆེ་རུ་གཏོང་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན་ལ་ཨ་མི་རི་ཀའི་བོད་རིགས་ཚོགས་པ་ཡོངས་ཀྱིས་སྙིང་གི་དབུས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་ཅིང་ཐུགས་བཞེད་མ་ལུས་ལྷུན་གྱིས་འགྲུབ་པའི་གསོལ་འདེབས་ཞུ་རྒྱུ་ཡིན། གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མིའི་རྩོད་མེད་ཡོངས་སུ་གྲགས་པའི་སྐྱབས་མགོན་དང་། དཔུང་གཉེན་དམ་པ་ཡིན་ཞིང་བོད་མི་དམངས་དང་། གོང་ས་ཏཱ་ལའི་བླ་མའི་དབར་དུས་རབས་མང་པོའི་རིང་འདུལ་བྱ་འདུལ་བྱེད་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་ཆགས་ཡོད་མིན་ལ་མ་བལྟོས་བར། དོལ་རྒྱལ་ཚོགས་པས་བོད་མིའི་སྙིང་ལ་རྨ་ཁ་ཆེན་པོ་བཟོ་བཞིན་པ་མ་ཟད་གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྐུ་ཕྱར་ཉེན་ཁ་བཟོ་མཁན་ཆགས་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག
གསལ་བསྒྲགས་ཀྱི་མཇུག་ཏུ་ཨ་མི་རི་ཀའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་དང་། ནོར་བུ་ཚེ་རིང་ལགས་ཀྱི་གཙོས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་༢༥མཚན་རྟགས་བཀོད་འདུག
གསར་འགོད་པ་འབེན་པ་སྟོབས་རྒྱལ།