ཏུར་ཀེ་ལ་བོད་མི་བཅུ་གཅིག་མུ་མཐུད་བཀག་ཉར།
2014.02.12
ཏུར་ཀེ་ལ་བཟང་བཙོན་ལྟ་བུར་ཡོད་པའི་བོད་མི་བཅུ་གཅིག་གི་གནས་སྟངས་གང་འདྲར་འགྱུར་མིན་བརྗོད་དཀའ་བའི་གནས་སུ་ཡོད་པ་རེད།
ཏུར་ཀི་ཡུལ་གྱི་རྒྱལ་ས་ཨི་སི་ཏན་པོར་ལ་དེ་སྔོན་སྤྱི་ལོ་༢༠༡༡་སྤྱི་ཟླ་༨་ཚེས་༤་ཉིན་བོིད་མི་༡༡འབྱོར་རྗེས་ཁོང་ཚོ་ཡུལ་དེའི་བྱང་ཕྱོགས་ས་གནས་Kastamonu ནས་ཏུར་ཀི་གཞུང་གིས་ཁྲིམས་འགལ་རྒྱལ་ནང་འཛུལ་ཞུགས་དང་། ལག་འཁྱེར་རྫུན་བཟོ་བྱས་པ་སོགས་ཀྱི་ཉེས་འཛུགས་བྱས་ནས་འཛིན་བཟུང་བྱས་བ་ནས། ད་བར་མི་ལོ་༢དང་ཕྱེད་ཀ་ཙམ་འགྲོ་བཞིན་ཡོད་ཀྱང་མུ་མཐུད་བཟང་བཙོན་ལྟ་བུར་དོ་དམ་བཀག་ཉར་བྱས་བསྡད་ཡོད་པ་དང་། མ་འོངས་པར་ཁོང་ཚོའི་གནས་སྟངས་གང་འདྲ་ཞིག་ལ་འགྱུར་སྲིད་མིན་བརྗོད་དཀའ་བའི་གནས་སུ་ཡོད་པ་རེད།
བོད་མི་དེ་ཚོ་ནི་ལོ་ན་༢༥་ནས་༤༥་བར་སོན་པ་ཤ་སྟག་ཡིན་པ་དང་། ཁང་པ་ཆུང་ཆུང་ཞིག་གི་ནང་ཁོང་ཚོ་ཚང་མ་མཉམ་དུ་བསྡད་ཡོད་པར། ཁུལ་དེའི་ཁ་ཆེའི་ཕྱག་འཚལ་ཁང་ཞིག་གིས་ཁོང་ཚོར་ཉིན་གུང་གི་ལྟོ་ཆས་སྤྲོད་གྱི་ཡོད་པ་དང་། མཚམས་རེར་ཁོང་ཚོ་ཆུ་ལེན་པར་བསྐྱོད་པའང་མཐོང་རྒྱུ་ཡོད་པ་རེད། ཁོང་ཚོའི་ཉིན་རེའི་འཚོ་བ་དང་འཕྲོད་བསྟེན་སོགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་པོ་ཡོད་པ་དང་། ཁོང་ཚོས་ནང་མི་སྤུན་མཆེད་སོགས་དང་འབྲེལ་བ་བྱེད་ཐུབ་ཀྱི་མེད་པའི་ཁར་འགྲོ་སྡོད་ཀྱི་རང་དབང་ཡང་མེད་པར་དམ་བསྒྲགས་བཀག་ཉར་འོག་གནས་ཡོད་པ་དང་། ཁོང་ཚོའི་ཁྲོད་ཀྱི་མི་༨་ལ་བཟའ་ཚང་དང་ཕྲུ་གུ་ཡོད་པ་རེད་འདུག
བོད་མི་དེ་ཚོ་ནི་བོད་ནས་བལ་ཡུལ་ནང་འབྱོར་རྗེས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཀྲི་ནས་ཨ་སྒོར་༡༥༠༠་ཙམ་གནས་པའི་ལག་འཁྱེར་དང་། མཐོང་མཆན་སོགས་བཟོས་ཏེ་ཡོ་རོིབ་ལ་འཚོ་བ་བཟང་ཙམ་འཁྱོལ་ཐབས་ཆེད་སོང་བ་ཞིག་ཡིན་པ་རེད། འོན་ཀྱང་ད་ལྟ་མ་འོངས་པར་ཁོང་ཚོའི་གནས་སྟངས་གང་འདྲ་ཞིག་ལ་འགྱུར སྲིད་མིན་བརྗོད་དཀའ་བའི་གནས་སུ་ཡོད་པར་བརྟེན་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་ཀྱི་དོན་གཅོད་ཁང་བརྒྱུད་རྒྱལ་ཚོགས་སུ་སྐྱབས་བཅོལ་གྱི་ཐོབ་ཐང་རོགས་རམ་ཐོབ་རྒྱུའི་ཐུགས་རེ་གནང་བཞིན་ཡོད་པ་རེད་འདུག
གསར་འགོད་པ་ཕྲེང་རིང་བསྟན་འཛིན་ནོར་བུ།